ཝང་ཧུའུ་ཉིང་གིས་ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་།
2023.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་བར་མ་ཟད། འཐུས་མི་ཡོངས་དང་ལྷན་དུ་སྐུ་པར་བསྐྱོན།  ཝང་ཧུའུ་ཉིང་གིས་ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་དབྱི་སི་ནམ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མུའུ་སི་ལིན་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས། ཝང་ཧུའུ་ཉིང་གིས་ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། དབྱི་སི་ལན་ཆོས་ལུགས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་དུ། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མུའུ་སི་ལིན་མང་ཚོགས་ཀྱིས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་པ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་འཕེལ་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཔལ་འབྱོར་རིག་པའི་བསམ་བློ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆོས་ཀྱི་དགོངས་པ་དང་ཆོས་ཁྲིམས་ཀྱི་ཐད་ནས་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་འཚམ་པར་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་འཚམ་པའི་སྒོ་ནས་འཆད་འགྲེལ་བྱེད་དགོས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆབ་སྲིད་ཀྱི་ངོས་ནས་བློ་གཏད་ཆོག་པ་དང་ཆོས་ལུགས་ཀྱི་ངོས་ནས་ཡོན་ཚད་ཡོད་པ། ཀུན་སྤྱོད་ཀྱི་ངོས་ནས་ཚང་མས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དགེ་རྒན་དང་ལས་བྱེད་མི་སྣའི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱོན་ཡོངས་ནས་སློབ་གསོ་ནན་སྐྱོང་རྒྱུན་འཁྱོངས་བྱེད་པ། དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།