ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་རྒྱུའི་བཀོད་སྒྲིག་གི་སྤྱིའི་བྱ་བའི་ཇུས་གཞི་དང་ཉེ་དུས་ཀྱི་བྱེད་ཐབས་ལ་ཞིབ་འཇུག་དོན་འཁྱོལ་བྱས་པ་དང་། 《སྨན་བཅོས་འགན་སྲུང་ཐེབས་རྩ་བཀོལ་སྤྱོད་རྒྱུན་གཏན་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། བསམ་བློ་གཅིག་གྱུར་དང་འགན་འཁྲི་ནན་དཀྲི་བྱས་ཏེ། བཅོས་སྒྱུར་ཟབ་སྤེལ་ཐད་འབད་བརྩོན་ཆེན་པོ་བྱས་ནས། ཐོན་དབང་སྲུང་སྐྱོབ་དང་ཁྲོམ་རར་འཇུག་ཚད། འདྲ་མཉམ་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཁྲོམ་རའི་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྔར་ལས་ལེགས་སྒྱུར་བྱེད་པ་དང་། སྐུལ་སློང་ཚོད་འཛིན་དང་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཙུགས་ནས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྨན་བཅོས་འགན་སྲུང་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི“སྨན་རིན་སྤྲོད་དངུལ”དང“སྲོག་སྐྱོབ་དངུལ”ཡིན། སྨན་བཅོས་འགན་སྲུང་ཐེབས་རྩ་བཀོལ་སྤྱོད་རྒྱུན་གཏན་ཅན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ནི། ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཡོང་བར་འགན་སྲུང་དང་ཐེབས་རྩ་བཀོལ་སྤྱོད་ཀྱི་ལས་ཆོད་མཐོར་འདེགས་གཏོང་བ། སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་ཅན་དུ་གཏོང་བ། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་སྨན་བཅོས་བྱེད་པའི་ཁུར་པོ་སྔར་ལས་ཡང་དུ་གཏོང་བ་བཅས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་གྱི་ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་དུ་བཏང་ནས། སྨན་བཅོས་འགན་སྲུང་སྲིད་འཛིན་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དང་། སྨན་བཅོས་འགན་སྲུང་དོན་གཉེར་སྒྲིག་གཞིའི་ཞིབ་བཤེར་འགན་འཁྲི། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་རང་ངོས་དོ་དམ་འགན་འཁྲི། ལས་རིགས་སྡེ་ཁག་གི་གཙོ་གཉེར་འགན་འཁྲི། ས་གནས་སྲིད་གཞུང་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ལ་སྔར་ལས་ཤུགས་སྣོན་དགོས། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ཏན་ཏིག་ངང་སྤེལ་བ། ཆ་འཕྲིན་རིག་ནུས་ལྟ་སྐུལ་ཚོད་འཛིན་དང་སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་པ་བཅས་བྱས་ནས། སྨན་བཅོས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་དྲ་རྒྱ་སྔར་ལས་ཚགས་སུ་ཆུད་པར་བྱེད་དགོས། སྨན་བཅོས་འགན་སྲུང་ཐེབས་རྩ་བེད་སྤྱོད་དང་ལྟ་སྐུལ་དོ་དམ་གྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ལག་ལེན་ཁྲོད་ཀྱི་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་ལ་དུས་ཐོག་ཏུ་སྤྱི་སྡོམ་དང་ཁྱབ་བརྡལ་གཏོང་བ། སྐུལ་ལྕག་དང་གཅུན་སྡོམ་མཉམ་འཛིན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་སྒྲིག་གཞིས་ཚད་ལྡན་ངང་སྨན་བཅོས་འགན་སྲུང་ཐེབས་རྩ་སྤྱོད་པའི་ཁྲོད་གནས་པའི་སྒུལ་ཤུགས་སྔར་ལས་འཕེལ་བ་བྱེད་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།