ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཏ་ཐང་ཧྥུའུ་རུང་ཡོན་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་མཁན་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་གཙོ་འཛིན་ཁྱོ་ཤུག་སོ་སོར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅི་ཡུའེ་ཡེ་ཧྥུའུ་དང་ལྕམ་མོ་མིས་ཨར་ཅིས་ཡུའེ་ཡེ་ཝ་བཅས་སྔ་རྗེས་སུ་འབྱོར།
ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཙི་ཡུན་ཐོག་ཁང་མདུན་དུ། སྐུ་མགྲོན་ཚོར་བྱམས་བརྩེའི་ངང་ཕྱག་འཇུ་གནང་ནས་ཕན་ཚུན་འཚམས་འདྲི་ཞུས་པར་མ་ཟད། མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།
ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོར་ཐང་རྒྱལ་རབས་ཀྱི་སྲོལ་རྒྱུན་མགྲོན་བསུའི་མཛད་སྒོ་བསྡུས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོ་དང་ལྷན་དུ། ཡོན་ཀུང་མིན་དུ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཞི་ཅིན་ཕིང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་སོ་སོའི་གཙོ་འཛིན་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི། ང་ཚོ་མགོ་ཁྲིད་མི་རབས་འདིས་འབྱུང་འགྱུར་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་འཚམ་ལ་མི་དམངས་ཀྱི་རེ་ལྟོས་དང་མཐུན་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་པ་ཡིན་ན། གཞིནས་འབྱུང་འགྱུར་གྱི་རྩེ་ཚོགས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བའི་དུས་རབས་གསར་པ་བསྐྲུན་ཐུབ་ངེས་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས།
གསོལ་སྟོན་གྲོལ་རྗེས། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་སྐུ་མགྲོན་ཚོ་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་མི་དམངས་རིག་གནས་སྒྱུ་རྩལ་ལོ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ན་གཞོན་སྒྱུ་རྩལ་དུས་ཆེན་གྱི་མགོ་རྩོམ་མཛད་སྒོའི་འཁྲབ་སྟོན་ལ་གཟིགས།
ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།