ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་སྐབས་དང་པོར་མགོ་འཛིན་མཛད་དེ་བརྗོད་དོན་གསུང་བཤད་གནང་།
2023.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་སྐབས་དང་པོར་མགོ་འཛིན་མཛད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཐུའུ་ཁུའུ་མེན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མིས་ཨར་ཅིས་ཡུའེ་ཡེ་ཧྥུའུ་བཅས་མཛད་སྒོར་ཞུགས། གཙོ་འཛིན་རྣམས་ཀྱིས་མཛའ་མཐུན་གྱི་རྣམ་པའི་ཁྲོད་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉམས་མྱོང་ལ་སྤྱི་སྡོམ་གནང་བར་མ་ཟད། འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་ལ་རྒྱང་ལྟ་གནང་བ། འབྱུང་འགྱུར་ལ་དམིགས་ཏེ་ལག་གདང་སྦྲེལ་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མོས་མཐུན་གནང་།

སྔ་དྲོའི་ཆུ་ཚོད་བཅུ་ཙམ་གྱི་སྟེང་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་དངོས་སུ་མགོ་བརྩམས།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། རྒྱལ་ཁབ་ལྔའི་གཙོ་འཛིན་ཞི་ཨན་དུ་ཕེབས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།  ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་འདིར་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་ནས་དེའི་གནས་སྟངས་སྔར་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པའི་དབང་གིས། གོ་སྐབས་དང་འགྲན་སློང་ཚང་མའང་སྔར་བྱུང་མྱོང་མེད་པ་ལྟ་བུར་གྱུར་ཡོད། འགག་རྩའི་ལོ་རྒྱུས་ཀྱི་དུས་སྐབས་འདིར། ང་ཚོས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་བསྡུས་ནས། མཉམ་ལས་གཉིས་ཕན་གྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འགྲོ་འོང་གི་མི་དམངས་ཀྱི་རེ་ལྟོས་མཚོན་པར་བྱས་པ་ཡིན་ན། གཞི་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གལ་འགངས་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་ཡིན་པར་མ་ཟད། འཛམ་གླིང་གི་ངོས་ནས་བཤད་ནའང་དོན་སྙིང་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཞི་ཨན་གྱི་རྩེ་ཚོགས་འདི་ཉིད་གོ་སྐབས་སུ་བརྩིས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་མཉམ་ལས་ཀྱི་འཆར་གཞི་བཀོད་དེ། ཕན་ཚུན་གོང་བུར་འགྲིལ་ཤུགས་དང་གསར་གཏོད་ཀྱི་བྱེད་ནུས། བྱ་སྤྱོད་སྤེལ་ཤུགས་བཅས་མངོན་གང་ཐུབ་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས《མཉམ་དུ་ལག་གདང་སྦྲེལ་ནས་སོ་སྲུང་རོགས་རེས་དང་ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་ཡིན་པ་བཅས་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས》ཞེས་པ་བརྗོད་གཞིར་བཟུང་ནས་བརྗོད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་ཞི་ཨན་གྲོང་ཁྱེར་ནི་ཀྲུང་ཧྭའི་དཔལ་ཡོན་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། གནའ་བོའི་དར་གོས་ཚོང་ལམ་གྱི་ཤར་ཕྱོགས་ཀྱི་མགོ་རྩོམ་ས་ཡང་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ། ཀྲུང་གོས་ཨེ་ཤ་ཡ་དབུས་མའི་མི་རིགས་སོ་སོའི་མི་དམངས་དང་ལྷན་དུ། དར་གོས་ཚོང་ལམ་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད་པ་དང་། འཛམ་གླིང་གི་ཤེས་རིག་བརྗེ་རེས་དང་མཉམ་འདྲེས། གོང་སྤེལ་བཅས་ཀྱི་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་བཞག་ཡོད། དེ་རིང་ང་ཚོ་ཞི་ཨན་དུ་འཛོམས་ནས་ལོ་ངོ་སྟོང་གི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་སྤེལ་ནས། འབྱུང་འགྱུར་གསར་རྐྱང་ཞིག་བསྐྲུན་པར་དོན་སྙིང་ཆེན་པོ་ལྡན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོར་ངས“དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ”མཉམ་དུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་ཡིན།  ལོ་བཅུའི་རིང་ལ། ཀྲུང་གོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་གདང་སྦྲེལ་ནས། དར་གོས་ཚོང་ལམ་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བར་སྐུལ་འདེད་བཏང་སྟེ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཉམ་ལས་གཏིང་ཟབ་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། ཕྱོགས་གཉིས་ཀའི་འབྲེལ་བ་དུས་རབས་གསར་རྐྱང་ཞིག་ཏུ་སླེབས་པར་བྱས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ལྡན་ལ་དངོས་ཡོད་ཀྱི་དགོས་མཁོ་རྒྱ་ཁྱབ་ཏུ་གནས་པ་དང་། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་བཅས་ཀྱི་དབང་གིས། དུས་རབས་གསར་པའི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་བཞིན་འཕེལ་བཞིན་ཡོད། དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་ངོས་ནས་འཕེལ་བཞིན་ཡོད་ཅིང་། ཨེ་ཤེ་ཡ་དབུས་རྒྱུད་ནི་ཤར་ནུབ་སྦྲེལ་མཐུད་དང་ལྷོ་བྱང་འབྲེལ་མཐུད་བྱེད་པའི་ལམ་གྱི་བཞི་མདོ་ཁར་གནས་ཡོད་པའི་དབང་གིས། འཛམ་གླིང་ལ་བརྟན་ཞིང་བརླིང་བའི་ཨེ་ཤ་ཡ་དབུས་མ་མཁོ།  འཛམ་གླིང་ལ་དར་རྒྱས་ཆེ་བའི་ཨེ་ཤ་ཡ་དབུས་མ་མཁོ། འཛམ་གླིང་ལ་འཆམ་མཐུན་གྱི་ཨེ་ཤེ་ཡ་དབུས་མ་མཁོ། འཛམ་གླིང་ལ་འབྲེལ་མཐུད་ཀྱི་ཨེ་ཤེ་ཡ་དབུས་མ་མཁོ་ཞེས་གསུངས།

ཞི་ཅིན་ཕིང་གིས་ན་ནིང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ནི། ང་ཚོས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཏུ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་དམིགས་ནས་ལོ་རྒྱུས་རང་བཞིན་གྱི་གདམ་ག་བྱས་པ་ཞིག་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རྒྱུན་འཁྱོངས་བཞི་བྱེད་དགོས་པ་སྟེ། གཅིག་ནས་སོ་སྲུང་རོགས་རེས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་མཉམ་དུ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རྩེ་ཚོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་ལས་སྟེགས་གསར་པ་བསྐྲུན་ནས་མདུན་ལམ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་རྩེ་ཚོགས་འདི་གོ་སྐབས་སུ་བརྩིས་ནས། ཕྱོགས་སོ་སོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་དེ་འཆར་འགོད་ཡག་པོ་དང་འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱེད་འདོད་ཡོད། གཅིག་ནས་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཉིས་ནས་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱ་བསྐྱེད་དགོས། གསུམ་ནས་ཕན་ཚུན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་དགོས། བཞི་ནས་ནུས་ཁུངས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་ལྗང་མདོག་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བདུན་ནས་དཔལ་ཡོན་གྱི་སྐད་ཆ་བཤད་རེས་ལ་ཤུགས་སྣོན་དགོས། བརྒྱད་ནས་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཇུག་ཏུ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ལྟེ་བའི་ལས་འགན་ཁ་གསལ་བཏོན་ཡོད། ང་ཚོས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ། དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་བརྗེ་རེས་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ཆེད་དུ་གོ་སྐབས་སྔར་ལས་གང་མང་བསྐྲུན་ཏེ། རྒྱལ་ཁབ་དྲུག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་གཞོགས་འདེགས་བྱས་ནས་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་དཔུང་བ་མཉམ་གཤིབ་དང་མཐུན་སྒྲིལ་འབད་འཐབ། ཐུན་མོང་འཕེལ་རྒྱས། ཐུན་མོང་ཕྱུག་འགྱུར། ཐུན་མོང་དར་རྒྱས་བཅས་ཡོང་བར་སྐུལ་འདེད་གང་ལེགས་བཏང་ནས། རྒྱལ་ཁབ་དྲུག་པོའི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ་དགོས་ཞེས་གསུངས།

རྒྱལ་ཁབ་ལྔའི་གཙོ་འཛིན་གྱིས་ཕན་ཚུན་བར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཁབ་སོ་སོའི་བདག་དབང་དང་རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན།  ཁོ་ཚོས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། དེ་བཞིན་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་འགོ་བཅས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ད་རེས་ཀྱི་རྩེ་ཚོགས་སྟེང་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་ཤུགས་སྣོན་པ་དང་། ས་ཁུལ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཉོ་ཚོང་དངུལ་གཏོང་དང་ཞིང་ལས། ནུས་ཁུངས། ཚན་རྩལ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་པ། མཉམ་དུ་འགྲན་སློང་ལ་ཁ་གཏདའཇལ་བ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱས་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་དང་ལྷན་དུ། 《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཀྱི་ཞི་ཨན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པར་མ་ཟད། 《ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོ》ལ་གྲོས་འཆམ་བྱུང་།

ཕྱོགས་སོ་སོས་ཧ་སག་སི་ཐན་གྱིས་ཉིས་སྟོང་ཉེར་ལྔ་ལོར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་སྐབས་གཉིས་པ་གཙོ་སྒྲུབ་བྱ་རྒྱུར་གྲོས་ཐག་བཅད་པ་དང་། ཀྲུང་གོ་རུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་འཛུགས་རྒྱུར་མོས་མཐུན་བྱུང་།

ཞི་ཅིན་ཕིང་གིས་ད་དུང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།

རྩེ་ཚོགས་གྲོལ་རྗེས། ཞི་ཅིན་ཕིང་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་གཙོ་འཛིན་གྱིས་མཉམ་དུ། བསེ་འབྲུའི་ལྗོན་ཤིང་དྲུག་བཙུགས་པ་དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་གི་དཔང་པོ་བྱས་ཡོད་ལ། དེས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བར་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ་མཚོན་པར་མ་ཟད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རེ་ལྟོས་ཀྱང་མཚོན་ཡོད།

ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།