ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་པེ་ཅིང་གི་ཚན་རྩལ་གཟའ་འཁོར་མགོ་རྩོམ་མཛད་སྒོའི་ཟླ་ལྔ་པའི་ཚེས་ཉི་ཤུ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་མགོ་རྩོམ་མཛད་སྒོར་ཞུགས།
སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཏེན་ཞུའེ་ཞང་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་དང་པེ་ཅིང་གི་ཚན་རྩལ་གཟའ་འཁོར་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།
མགོ་རྩོམ་མཛད་སྒོ་གྲོལ་རྗེས་ཏེན་ཞུའེ་ཞང་གིས་འགྲེམས་ཁུལ་དུ་གཟིགས་སྐོར་མཛད། ཏེན་ཞུའེ་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་ཁྱབ་བརྡལ་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཚན་རིག་ཁྱབ་བརྡལ་གཏོང་རྒྱུ་དེ་ཚན་རྩལ་གསར་གཏོད་དང་གཅིག་མཚུངས་ཀྱི་གནས་བབ་སྟེང་འཇོག་དགོས་ཞེས་ནན་གྱིས་བསྟན་ཡོད་ཅེས་བསྟན། ཁོས་ཚན་རྩལ་ལས་གཉེར་པས་ཚན་རིག་ཁྱབ་བརྡལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཚན་རིག་ཁྱབ་བརྡལ་གྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ནང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གང་ལེགས་བཏང་ནས། ཚན་རིག་ལ་དགའ་ཞེན་དང་གསར་གཏོད་ལས་དོན་ཁྲོད་ཞུགས་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཚན་རིག་ཁྱབ་བརྡལ་བཏང་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ཐེངས་འདིའི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།