ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ལ་ཞུགས་པའི་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་མཉམ་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་དར་རྒྱས་མཉམ་སྤྱོད་བྱེད་པའི། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བའི་འཐབ་ཇུས་ཀྱི་རིམ་སྤོར་གསར་པ་མངོན་འགྱུར་བྱས། ཀྲུང་གོས་ཅིར་ཅི་སི་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཉོ་ཚོང་དང་ཕན་ཚུན་སྦྲེལ་མཐུད། ཐོན་ལས། མི་ཆོས་རིག་གནས། བདེ་འཇགས་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་མཉམ་ལས་དེ་སྤུས་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་སྟེང་གྲོས་མཐུན་བྱུང་བའི་གྲུབ་འབྲས་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཀྲ་ཕ་ལའོ་ཧྥུའུ་ཡིས་མིག་སྔར་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྩེ་ཚོགས་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གང་ལེགས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།