ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་སོ་གཉིས་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2023.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་སོ་གཉིས་པ་ཅི་ཏ་རུ་འཚོགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དུས་ཡུན་རིང་པོར་ཨ་རབ་རྒྱལ་ཁབ་དག་གིས་མཉམ་འབྲེལ་རང་འབད་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ནས། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་གིན་ཡོད། ཨ་རབ་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་གྱི་བགྲོད་ལམ་སྟེང་གོམ་སྟབས་གསར་པ་བསྟུད་མར་སྤོས་ནས་གྲུབ་འབྲས་གསར་པ་ཐོབ་པར་ང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། སོ་ཏི་ཨ་རབ་ནི་སྣེ་མང་ཅན་གྱི་འཛམ་གླིང་འདིའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཨ་རབ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གང་ལེགས་ཕུལ་བར་ངས་བསྟོད་བསྔགས་བྱས་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་མཛའ་མཐུན་ལ་ལོ་ངོ་སྟོང་གི་མཛའ་མཐུན་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀའི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་སྟེ། འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་གྱི་དཔེ་མཚོན་ལྟ་བུར་གྱུར་ཡོད། ན་ནིང་གི་ཟླ་བཅུ་གཉིས་པའི་ནང་དུ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོ་དེ་ལིས་ཡ་ཏི་རུ་རྒྱལ་ཁའི་ངང་བསྡུས་ཤིང་། ཀྲུང་གོ་དང་ཨ་རབ་ཀྱི་མགོ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུས་དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཨ་རབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། རང་སོ་སོའི་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་ལ་མོས་མཐུན་མགྲིན་གཅིག་ཏུ་གནང་བ་དེ་ནི། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རབས་བསྐྲུན་པའི་ལམ་ཚད་རྡོ་རིང་ཞིག་ཡིན། འབྱུང་འགྱུར་ལ་དམ་པོར་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་མཐུན་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་རྩེ་ཚོགས་སྐབས་དང་པོའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བསྐྲུན་པ་བཅས་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་མཐུན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།