ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་ཁྱེར་གྱི་གཙོ་གཞིའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་མཐུན་སྦྱོར་རོགས་སྐྱོར་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་ཇེ་དྲག་ཏུ་གཏོང་བ་བཅས་ཇེ་དྲག་ཏུ་གཏོང་བ་བཞི་ལ་བརྟེན་ནས་ས་ཁང་བདག་ཁོངས་ཚོང་རའི་འཁོར་རྒྱུག་བཟང་བོ་དང་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམངས་ཚིས་ཐད་སྒུལ་ཤུགས་བསྣན་ཏེ་སྐྱིད་སྣང་ཇེ་མཐོ་དང་འཚོ་བ་ཇེ་བཟང་དུ་བཏང་།
སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་གཙོ་བོ་རུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། ཡིད་ཆེས་ཇེ་མཐོར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། སྔོན་རྩིས་བརྟན་འཇགས་སུ་གཏོང་བ་དམིགས་འབེན་བྱས་ལ། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བྱེད་ཐབས་སྤྱད་དེ་ས་ཁང་བདག་ཁོངས་ཚོང་ར་འཁོར་རྒྱུག་བཟང་བོ་བྱེད་པ་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཁེ་ལས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་ནས། ཁེ་ལས་འཕེལ་རྒྱས་ཐད་རོགས་འདེགས་བྱས། ལས་གཞི་འཛུགས་སྐྲུན་བྱས་པ་དང་། དུས་ཐོག་ཏུ་ཁེ་ལས་ཀྱིས་ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ཁག་དངོས་དང་གནད་དོན་མཐུན་སྦྱོར་ངང་ཐག་བཅད། དེར་མ་ཟད། གཟའ་འཁོར་གཅིག་གི་བཀོད་གཏོང་རྐྱེན་སྲོལ་བཙུགས་ནས། ས་ཁང་བདག་ཁོངས་ལས་གཞི་དང་དངུལ་གཏོང་མཛོད་འཇུག་གནས་ཚུལ་དང་བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ། དངུལ་གཏོང་ལས་འགན་ལག་བསྟར་གནས་ཚུལ་སོགས་ལ་བཀོད་གཏོང་ལྟ་སྐུལ་བྱས་པ་དང་། ལས་གཞིའི་དངུལ་གཏོང་དམ་འཛིན་བྱས། དེ་དང་མཉམ་དུ། ཚོང་རའི་འཛད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཚོང་ར་རྒྱ་བསྐྱེད་པ་དང་དམངས་ཚིས་ལ་ཕན་འདོགས་པ། ཡིད་ཆེས་ཇེ་མཐོར་གཏོང་བ་བརྗོད་སྙིང་དུ་བྱས་ནས། དཔྱིད་དུས་ཀྱི་ཁང་སྤྲོད་ཚོགས་འདུ་བྱ་འགུལ་སྤེལ་བ་དང་། ཁེ་ལས་ཀྱིས་སྤུས་ལེགས་ཚོང་རྫས་ཁང་བའི་ལས་གཞི་ངོ་སྤྲོད་བྱེད་པར་སྣེ་ཁྲིད་བྱས་ལ། ཁང་བ་ཉོ་བའི་ཐད་ཀྱི་ལྟ་སྐྱོང་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། སྣང་ཚུལ་བསྐྲུན་པ་དང་ཚོང་རའི་གསོན་ཤུགས་ཆེར་བསྐྱེད་ལ། ཚོང་རའི་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་ཅུང་མངོན་གསལ་བླངས།
དེ་ལས་གཞན། ཞིང་སྡེའི་ཡོང་སྒོ་དམའ་བའི་མི་ཚོགས་སོགས་གཙོ་གནད་མི་ཚོགས་ཀྱི་སྡོད་ཁང་བདེ་འཇགས་འགན་སྲུང་བྱ་བ་ཡང་དང་བསྐྱར་དུ་བཀོད་སྒྲིག་བྱས་པ་དང་། སྤྱོད་ཚུལ་བཟང་བོ་དང་ཤུགས་ལྡན་པའི་བྱེད་ཐབས་བཟང་བོས། ཁ་གསབ་བྱེད་ཡུལ་གཏན་ཁེལ་བྱས་པ་དང་ཉེན་ཁ་ངེས་གཏན་བྱས་ལ། སྲིད་ཇུས་ཀྱི་བརྟན་འཇགས་རང་བཞིན་དང་རྒྱུན་བསྲིང་རང་བཞིན་སྲུང་འཛིན་བྱེད་པའི་རྨང་གཞིའི་སྟེང་ལེགས་སྒྲིག་ལེགས་སྒྱུར་བྱས་པ་དང་། སྡོད་ཁང་ལ་བདེ་འཇགས་ཀྱི་ཉེན་ཁ་ཡོད་པའི་རོང་འབྲོག་ཁྱིམ་ཚང་སྟོང་ལྔ་བརྒྱ་དང་རེ་དྲུག་ལ། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྟེར་རྒྱུའི་རེ་ཞུ་བྱས་པ་དང་། སྤུས་ཚད་བཟང་བ་དང་མང་ཚོགས་ཡིད་ཚིམ་པའི་དམངས་སེམས་བཟོ་སྐྲུན་ལག་བསྟར་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།