ཀྲའོ་ལི་ཅི་ཡིས་མ་ལེ་ཞི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།
2023.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མ་ལེ་ཞི་ཡའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཙོ་ཧ་ལི་ཡིས་གདན་དྲངས་པ་ལྟར་དུ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར་དུ། མ་ལེ་ཞི་ཡར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་བ་དང་། ཅི་ལུང་ཕོ་དང་པུའུ་ཁྲིན་དུ་སོ་སོར་ཆེས་མཐོའི་མགོ་གཙོ་ཨ་པུའུ་ཏུའུ་ལ་དང་ཙུང་ལི་ཨན་ཝ་ཨར་ལ་ཐུག་འཕྲད་བྱས་པར་མ་ཟད། གྲོས་ཁང་འོག་མའི་གྲོས་དཔོན་ཙོ་ཧ་ལི་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་ཨ་པུའུ་ཏུའུ་ལ་དང་མཇལ་འཕྲད་གནང་སྐབས། ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་བྱས་ནས། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ།  ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བ་དང་། སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་བསུ་མ་བྱ་རྒྱུ་རེད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་དུ། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་ལ་ཆུ་ཚད་མཐོ་བའི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ནས། ལོ་ངོ་སྟོང་གི་མཛའ་མཐུན་འབྲེལ་བ་མུ་མཐུད་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས།

ཨ་པུའུ་ཏུའུ་ལ་ཡིས་ཀྲའོ་ལི་ཅི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་ཞུས། ཁོས་མིག་སྔར་རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པས། ཕྱོགས་གཉིས་ཀས་སྲོལ་རྒྱུན་གྱི་མཛའ་མཐུན་ཁྲོད་ནས་ནུས་པ་བསྡུ་ལེན་བྱས་ཏེ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ལོ་རྗེས་མར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་ཨན་ཝ་ཨར་ལ་མཇལ་འཕྲད་གནང་སྐབས།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་རྣམ་གཉིས་ཀྱི་བར་དུ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡའི་བར་གྱི་མཐོ་རིམ་འགྲོ་འོང་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པ། མི་ཆོས་རིག་གནས་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད་ཅེས་གསུངས།

ཨན་ཝ་ཨར་གྱིས་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཙོ་ཧ་ལི་དང་གྲོས་མོལ་གནང་སྐབས།  རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ། ཕུ་ནུ་བཟང་པོ་བཅས་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མ་ལེ་ཞི་ཡའི་རྒྱལ་ཚོགས་དང་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ནས། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་འགན་ལེན་ཡག་པོ་ཞིག་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

ཙོ་ཧ་ལི་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། གྲོས་མི་དང་དམངས་ཆེན་འཐུས་མིའི་བར་གྱི་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།