ཞི་ཅིན་ཕིང་གིས་ནད་གསོ་རྒྱལ་སྤྱིའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོར་འཕྲིན་ཡིག་བསྐུར།
2023.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནད་གསོ་རྒྱལ་སྤྱིའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོར་འཕྲིན་ཡིག་བསྐུར་བ་དང་། རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོའི་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དབང་པོ་སྐྱོན་ཅན་དང་དེའི་གཉེན་ཉེ་དང་རྒྱ་ཆེའི་དབང་པོ་སྐྱོན་ཅན་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

ཞི་ཅིན་ཕིང་གིས་ནད་གསོ་རྒྱལ་སྤྱི་ནི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཁྱབ་ཁོངས་ཁྲོད་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པས། དབང་པོ་སྐྱོན་ཅན་གྱི་ལ་རྒྱར་སྲུང་སྐྱོབ་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་ལེན། དབང་པོ་སྐྱོན་ཅན་གྱི་ཕན་བདེ་ཇེ་མང་དུ་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཡོད། ཀྲུང་གོས་ནད་གསོ་རྒྱལ་སྤྱིའི་ལས་དོན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ལ་སེམས་ཁུར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་དབང་པོ་སྐྱོན་ཅན་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཅེས་སྐྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ལས་དོན་བརྗེ་རེས་དང་མཉམ་ལས་བྱ་རྒྱུར་ཐུན་མོང་གི་ངོས་ནས་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་བདེ་ཐང་དང་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།

རྒྱལ་སྤྱིའི་ལུས་གསོ་བདེ་ཐང་གི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོ་དེ་ནད་གསོ་རྒྱལ་སྤྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་ལ། ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་པེ་ཅིང་དུ་འཚོགས་མགོ་བརྩམས།

བན་དེ་སྐྱབས་ཀྱིས་བསྒྱུར།