ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་ཉི་ཤུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། ཝུའུ་ལན་རྫོང་། ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། ཞིབ་བསྡུར་དགེ་མཚན་སྔོག་འདོན་དང་འདོན་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དགོས།
ཁྲིན་ཀང་གཏེར་ལེན་ཁའི་ཞིང་རྨོ་རིག་གནས་རྟེན་མཛོད་གླིང་དང་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་པ་དབྱིན་སྡེ་བ། ཏུའུ་ལན་རྫོང་ཁྲ་ཧྭན་ཝུའུ་སུའུ་གྲོང་རྡལ་ཧྲང་ཐན་ཏུང་སྡེ་བ་བཅས་ལ་སོང་ནས། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་འགོའི་གཏེར་ལེན་ཁའི་ཞིང་ར་གསར་སྤེལ་འཛུགས་སྐྲུན་གྱི་ལོ་རྒྱུས་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་གཞན་གནས་སྤོར་གྱི་རྗེས་མཐུད་ཐོན་ལས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ལ། ས་དེའི་དམངས་ཁྲོད་མགྲོན་ཁང་དཔལ་འབྱོར་དང་རྒྱལ་ལམ་དཔལ་འབྱོར་གྱི་བྱེད་ཐབས་འཚོལ་ཞིབ་བྱས་པར་ཁས་ལེན་གང་ལེགས་བྱས་ནས་ནན་གྱིས་བསྟན་དོན། སྔོན་རབས་ཀྱི་ས་རྒོད་གསར་སྦོལ་བྱེད་མཁན་གྱི་དཀའ་སྤྱད་སྡུག་རུས་དང་སྒེར་མེད་གཏོང་ཕོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་འགོག་ར་དང་ཏང་ཡོན་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱས་ཏེ། སྡེ་ཆིངས་དམངས་སྲོལ་དང་ཆེད་ལས་དཔུང་སྡེ་ཡིས་ཐོན་ལས་གོ་རིམ་ལྡན་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས། ཡར་ལངས་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ་དང་། ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས།
ཚྭ་ཁ་ཚྭ་མཚོ་ལྗོངས་རྒྱུ་ཁུལ་དང་ཏུའུ་ལན་ཆུ་ཁོལ་དུར་ཚོགས། ཝུའུ་སུའུ་ཐི་ཆུ་ཐོག་ལྗོངས་རྒྱུ་ཁུལ་སོགས་ལ་སོང་ནས། ཁྲིན་ཀང་གིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་དང་གནའ་དཔྱད་ཤུལ་བཞག་སྤྱི་གླིང་འཆར་འགོད། བེད་མེད་སྐྱུར་བའི་སྔོག་དུང་བཅོས་སྐྱོང་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྔོན་ཐོན་གྱི་ཉམས་མྱོང་ལ་དཔེ་ལྟ་བྱེད་པ་དང་། ཡུལ་སྐོར་གཏམ་རྒྱུད་བཟང་བོ་བཤད་པ། འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་པ་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། གནས་སྐོར་བ་སྐྱེད་སྲིང་བྱེད་པ་དང་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་བྱེད་པ། ཡུལ་སྐོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། རིག་དངོས་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། གོམ་པ་རེ་རེ་བཞིན་རིག་གནས་ཡུལ་སྐོར་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ངང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས།
ཁྲིན་ཀང་སྔ་གཞུག་ཏུ་མཚོ་སྔོན་ཁུ་ནུ་གསེར་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཏུང་ཐའེ་ཅི་ནེར་ལིས་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་ཟི། པེ་ཅིང་ཐུང་རིན་ཐང་བདེ་ཐང་སྨན་ལས་མཚོ་སྔོན་ཚད་ཡོད་ཀུང་ཟི། མཚོ་སྔོན་པིན་ཧྲིན་རྩྭ་ལས་ཚད་ཡོད་ཀུང་ཟི་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་ནན་པོ་རི་ཧྲིན་ནུས་ཁུངས་གསར་བའི་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཀྱི་འཁོར་ཁང་དང་ཐོན་སྐྱེད་བྱེད་སར་སོང་ནས། གནས་ཚུལ་ལ་ཉན་པ་དང་ཐོན་རྫས་ལ་བལྟས་ཤིང་། ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ལས་སྒྲུབ་བྱས་ནས་དཀའ་གནད་ཐག་བཅད། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཁེ་ལས་འཕེལ་རྒྱས་སུ་གཏོང་ན་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཙོར་འཛིན་པ་དང་བདེ་འཇགས་རྨང་གཞི་རུ་བྱེད་པ། སྤུས་ཚད་གཙོར་འཛིན་པ་དང་གསར་གཏོད་བླ་སྲོག་ཏུ་བརྩི་བ་དང་། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་གི་དགེ་མཚན་ལ་རྐང་འཛུགས་པ། འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ། ལེགས་བསྡུས་གྲོན་ཆུང་དང་ལུགས་མཐུན་སྒོས་གསར་སྤེལ་བྱས་ནས། རང་སྟེང་གི་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱིའི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། སྟོབས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་སྟོབས་ལྡན་དུ་བསྒྱུར་བར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་ལྕགས་ཟམ་འཛུགས་དགོས། ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་དུ། ཁྲིན་ཀང་གིས་ཐོན་སློབ་མཉམ་བསྲེས་དང་ཁེ་སློབ་མཉམ་ལས་ཀྱི་བྱེད་ཐབས་ལ་བསྔགས་བརྗོད་བྱས་ནས། ལས་རིགས་སློབ་གསོ་སྔར་ལས་བཟང་བོར་བསྒྲུབ་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྤུས་ཚད་མཐོ་བའི་ཉེར་མཁོ་རང་བཞིན་གྱི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།