རང་ཞིང་གི་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་སྒྲིག་གཞི་བཅོས་སྒྱུར་མྱུར་དུ་སྤེལ་བ་དང་། ཁྲིམས་འཛིན་ལས་ཆོད་དང་ཁྲིམས་འཛིན་སྤུས་ཚད་མཐོར་འདེགས་སུགཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་ཆེད། ཉེ་ལམ། ཞིང་ཆེན་ནགས་རྩྭ་ཅུའུ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆའི་ཕྱོགས་བསྡུས་ཁྲིམས་འཛིན་འགུལ་སྐྱོད་སྤེལ་ནས། མདུན་གྲས་སུ་བསྐྱོད་པ་དྲུག་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་ས་ཆ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་བསྐྲུན་རྒྱུའི་རེ་བ་བཏོན།
སྲུང་སྐྱོབ་ནན་མོ་བྱེད་པ་དང་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཁྲིམས་འཛིན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པ། གྲོང་ཁྱེར་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འགུལ་ལ་ཤུགས་བསྣན་ནས། རང་བྱུང་སྲུང་སྐྱོབ་ས་ཆའི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་དང་། རང་ཞིང་གི་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཆ་འཛུགས་སྐྲུན་དོ་དམ་ཐད་ཀྱི་ཉམས་ཞན་སར་ཕྱོགས་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས་ལ། སྲུང་སྐྱོབ་ས་ཆའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཡང་སྙིང་རང་བཞིན་དང་ཆ་ཚང་རང་བཞིན། མ་ལག་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་རང་བྱུང་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ཏེ། ཆུ་བོའི་འབབ་རྒྱུན་མི་ཆད་པར་ཁག་ཐེག་བྱས།
རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས་དང་བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ཐད་ནས་མདུན་གྲས་སུ་བསྐྱོད་པ། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་ནམ་ཡང་རྒྱུན་འཁྱོངས་བྱས་པ་དང་། བརླན་ས་སྲུང་སྐྱོབ་སླར་གསོ་དང་བྱེ་འགྱུར་ས་ཞིང་བཅོས་སྐྱོང་བྱེད་པ་སོགས་ཀྱི་གཙོ་གནད་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱེད་པར་གཅིག་འདོམས་བྱས་ལ། སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གྱི་ཚན་རིག་རང་བཞིན་དང་གནས་ཕིགས་རང་བཞིན། ཡུན་ཕན་རང་བཞིན་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་བ་དང་། མ་དངུལ་ལ་འཆར་འགོད་དང་འཇོན་མིར་འགན་སྲུང་བྱེད་པ་དང་། ལམ་ལུགས་གསར་གཏོད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ་སོགས་ཕྱོགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་བཏང་།
རང་བྱུང་སྲུང་སྐྱོབ་ས་ཆའི་བཅོས་སྒྱུར་གསར་གཏོད་ཐད་ནས་མདུན་གྲས་སུ་བསྐྱོད་པ། སྲུང་སྐྱོབ་ས་ཆ་སྒྲིག་སྦྱོར་ལེགས་སྒྱུར་བྱེད་རྒྱུ་རྨང་གཞི་རུ་བྱས་པ་དང་། གཙོ་གཞི་གསལ་བོ་དང་འགན་འཁྲི་ཁ་གསལ་བ། ལས་བགོས་མཉམ་ལས་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་སྡེ་ཁག་མཉམ་ལས་དོ་དམ་གྱི་རྐྱེན་སྲོལ་བཙུགས་ནས། སྒྲིག་གཞི་བཅོས་སྒྱུར་དང་ནུས་པ་འཛུགས་སྐྲུན་ཐད་ནས་མདུན་གྲས་སུ་བསྐྱོད་པའི་གཏིང་ཤུགས་དང་རང་རྟོན་མངོན་པར་བྱས།
མཉམ་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མདུན་གྲས་སུ་བསྐྱོད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་ཞིབ་འཇུག་དང་བཀོལ་སྤྱོད་བྱས་པ་དང་། ཚོང་གཉེར་དང་དོ་དམ་གྱི་མ་དཔེ་འཚོལ་ཞིབ་བྱས་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆའི་རྒྱབ་ལྗོངས་འོག་གི་སྐྱེ་ཁམས་ཐཱན་ཉུང་ཡུལ་སྐོར་རྣམ་པ་གསར་སྐྲུན་བྱས་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས། སྐྱེ་ཁམས་དང་དམངས་ཚིས། མིག་སྔར་དང་ཡུན་རིང་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱེད་པར་འཚོལ་ཞིབ་དང་གཅིག་འདོམས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་།
ཚན་རྩལ་འདེགས་སྐྱོར་ལ་འགན་སྲུང་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པ། ཚན་རྩལ་ནུས་པ་མཐོར་འདེགས་བྱེད་པའི་བཟོ་སྐྲུན་ལ་འཆར་འགོད་དང་ལག་བསྟར་བྱས་པ་དང་། ཚན་རྩལ་མཉམ་ལས་དང་བརྗེ་རེས་ཀྱི་སྟེགས་བུ་བཙུགས་ལ། ལམ་ལུགས་རྐྱེན་སྲོལ་འགན་སྲུང་མ་ལག་གཏིང་ཟབ་ཏུ་བཏང་བ་དང་། ཆེད་ལས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། ཚན་རྩལ་གྲུབ་འབྲས་བཀོལ་སྤྱོད་དང་སྒྱུར་སྤོར་ནུས་པ་ཇེ་ཆེར་བཏང་ནས། ནགས་རྩྭའི་སོན་བཟང་བཀོལ་སྤྱོད་ཀྱི་ཚད་དང་ཚན་རྩལ་ཁྱབ་གདལ་དང་གྲུབ་འབྲས་བསྒྱུར་བའི་ཚད་ཇེ་མཐོར་བཏང་།
སྐྱེ་ཁམས་རིག་གནས་འཛུགས་སྐྲུན་བྱེད་པའི་ཐད་ནས་མདུན་གྲས་སུ་བསྐྱོད་པ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ས་ཆའི་སློབ་གསོ་ཞབས་ཞུའི་རྩོལ་ནུས་འདོན་སྤེལ་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་སྐྱེ་ཁམས་རིག་གནས་ཚོང་རྟགས་འཛུགས་སྐྲུན་བྱས་ལ། སྐྱེ་ཁམས་རིག་གནས་ཐོན་རྫས་གསར་སྤེལ་བྱེད་པར་རོགས་འདེགས་བྱས་པ་དང་། རང་བྱུང་སྲུང་སྐྱོབ་ས་ཆའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་རིག་གནས་མ་ལག་གྲུབ་པར་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཆའི་མཉེན་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་བཏང་།
རིན་ཆེན་མཚོས་བསྒྱུར།