ཞི་ཅིན་ཕིང་གིས་ཧྲང་ཧེ་གྲོང་ཁྱེར་ཧུང་ཁུག་ཁུལ་ཅ་ཞིན་ལམ་གྱི་སྲང་ལམ་གད་སྙིགས་རིགས་བགར་དང་བླངས་པར་འཕྲིན་ལན་བསྐུར།
2023.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་ཉེར་གཅིག་ཉིན་ཧྲང་ཧེ་གྲོང་ཁྱེར་ཧུང་ཁུག་ཁུལ་ཅ་ཞིན་ལམ་གྱི་སྲང་ལམ་གད་སྙིགས་རིགས་བགར་དང་བླངས་པར་འཕྲིན་ལན་བསྐུར་ནས། གད་སྙིགས་རིགས་བགར་བྱ་བར་ཐུགས་རེ་ནན་མོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་གསུངས་རྒྱུར། ཁྱོད་ཚོའི་འཕྲིན་ཡིག་མཐོང་བས། ངས་ལོ་ལྔའི་སྔོན་ལ་ཚང་མ་དང་མཉམ་དུ་གད་སྙིགས་རིགས་བགར་བྱ་བའི་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས་པའི་སྣང་ཚུལ་དེ་དྲན་བྱུང་། ཁྱོད་ཚོས་སྤྱི་ཕན་བྱ་བར་གཞོལ་ཞིང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྩོན་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། ལོ་འདི་འགའི་རིང་ལ་དྲིལ་སྒྲོག་དང་སྐུལ་འདེད་བྱས་པ་བརྒྱུད་དེ། ཁྱོད་ཚོའི་གད་སྙིགས་རིགས་བགར་བྱ་བར་ཕན་འབྲས་གསར་པ་ཐོབ་པ་དང་། སྡོད་དམངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་སོང་ལ། སྡེ་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་སོང་བ་ཤེས་རྗེས་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གད་སྙིགས་རིགས་བགར་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། ཕྱོགས་སོ་སོས་མཐུན་སྦྱོར་འབད་བརྩོན་དང་གནད་ཁེལ་ཇུས་བསྟར། ཡུན་རིང་འབད་བརྩོན་བཅས་བྱེད་དགོས། རྒྱ་ཆེའི་མཁར་གྲོང་གི་སྡོད་དམངས་རྣམས་ཧུར་ཐག་གིས་དེའི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་རང་འགུལ་གྱིས་འབད་བརྩོན་བྱེད་དགོས། ཁྱོད་ཚོས་མུ་མཐུད་དུ་དང་བླངས་པས་གཞི་རིམ་བཅོས་སྐྱོང་ཁྲོད་ཐོན་པའི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ་དང་། སེམས་ཤུགས་དང་བརྩེ་བ་ཡོད་ཚད་དྲིལ་སྒྲོག་ཁྲིད་སྟོན་བྱ་བ་བཟང་བོར་སྒྲུབ་པའི་ཐད་འདོན་པ། སྡོད་དམངས་སྔར་ལས་མང་བོར་སྣེ་ཁྲིད་བྱས་ཏེ་གད་སྙིགས་ཁག་བགོས་ཏེ་འཕོ་བའི་གོམས་སྲོལ་བཟང་བོ་ཆགས་པར་བྱེད་པ་དང་། གད་སྙིགས་རིགས་བགར་དེ་ཐཱན་ཉུང་འཚོ་བའི་དར་སྲོལ་གསར་པ་རུ་འགྱུར་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་གཏོང་བར་བྱས་རྗེས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཆེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་བགར་དང་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པར་ཧ་ཅང་མཐོང་ཆེན་གནང་བཞིན་ཡོད་ལ། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་མྱོང་། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་གད་སྙིགས་རིགས་བགར་བྱ་བ་རྒྱུན་སྲིང་ངང་སྤེལ་བ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་ཉིས་བརྒྱ་དང་གོ་བདུན་པོ་ཚང་མས་འཚོ་བའི་གད་སྙིགས་རིགས་བགར་བྱས་པས། དེ་སྡོད་དམངས་འདུག་སའི་སྡེ་ཁུལ་དུ་ཁེབས་ཚད་བརྒྱ་ཆའི་གྱ་གཉིས་དང་གྲངས་ཆུང་ལྔ་ལ་སླེབས། ཉེ་སྔོན། ཧྲང་ཧེ་གྲོང་ཁྱེར་ཧུང་ཁུག་ཁུལ་ཅ་ཞིན་ལམ་གྱི་སྲང་ལམ་གད་སྙིགས་རིགས་བགར་དང་བླངས་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ས་དེའི་གད་སྙིགས་རིགས་བགར་བྱ་བའི་ཕན་འབྲས་ཡར་ཞུ་བྱས་པ་དང་། གད་སྙིགས་རིགས་བགར་བྱ་བར་བྱས་རྗེས་དང་སྟོབས་ཤུགས་འབུལ་བའི་ཆོད་སེམས་བསྟན།