ཞི་ཅིན་ཕིང་གིས་ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་དང་སྒྱུ་རྩལ་པ་རྒན་པར་འཕྲིན་ལན་བསྐུར།
2023.05.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 10

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་དང་སྒྱུ་རྩལ་པ་རྒན་པར་འཕྲིན་ལན་བསྐུར། ཀྲུང་གོའི་མཛེས་རྩལ་ཁང་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་སྐབས་སུ། མཛེས་རྩལ་ཁང་དེའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་དོན། ཀྲུང་གོའི་མཛེས་རྩལ་ཁང་གིས་ཀྲུང་གོ་གསར་བའི་མཛེས་རྩལ་བྱ་གཞག་གི་འཕེལ་རྒྱས་བདེན་དཔང་བྱས་ཡོད་ཅིང་། ཕུལ་བྱུང་བརྩམས་ཆོས་ཉར་འཇོག་དང་འགྲེམ་སྟོན་བྱེད་པ། སྤྱི་བའི་སློབ་གསོ། ཕྱི་ཕྱོགས་བརྗེ་རེས་སོགས་ཀྱི་ཐད་ནས་བདེན་སྲུང་གསར་གཏོད་བྱས་ཏེ། གྲུབ་འབྲས་ཆེན་པོ་བླངས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཞུད་ལམ་གསར་བའི་སྟེང་། ཀྲུང་གོའི་མཛེས་ཁང་གིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་བླ་རུ་བཀུར་བའི་མཛེས་རྩལ་ཁང་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་ནས། སྤུས་ཚད་མཐོ་བའི་ཉར་འཇོག་དང་ཆུ་ཚད་མཐོ་བའི་བེད་སྤྱོད། སྤུས་ལེགས་ཞབས་ཞུ་བཅས་ཀྱི་ཐད་ཤུགས་བསྐྱེད་ནས། ཧུར་ཐག་སྒོས་དུས་རབས་གསར་བའི་མི་དམངས་མང་ཚོགས་ཀྱིས་མཛེས་རྩལ་གྱི་བརྩམས་ཆོས་བཟང་བོར་རོལ་མྱོང་དང་། རིག་གནས་བྱང་ཚད་མཐོར་འདེགས་བྱེད་པའི་རྒྱལ་ཁབ་རིམ་པ་དང་ཐ་ན་འཛམ་གླིང་རིམ་པའི་སྒྱུ་རྩལ་ཁང་གསར་བསྐྲུན་བྱས་ཏེ། ཀྲུང་གོའི་མཛེས་རྩལ་བྱ་གཞག་དར་རྒྱས་འཕེལ་རྒྱས་སུ་གཏོང་བ་དང་། རིག་གནས་ཡིད་ཆེས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་འབར་བའི་རྣམ་པ་བསྐྲུན་པ་བཅས་ཀྱི་ཐད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཞེས་གསུངས།

ཀྲུང་གོའི་མཛེས་རྩལ་ཁང་ནི་ཀྲུང་གོ་གསར་བ་དབུ་བརྙེས་རྗེས་གསར་འཛུགས་བྱས་པའི་རྒྱལ་ཁབ་རིམ་པའི་མཛེས་རྩལ་ཁང་ཡིན་པ་དང་། གཅིག་སྟོང་དགུ་བརྒྱ་རེ་གསུམ་ལོའི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་སྒོ་འབྱེད་བྱས། མཛེས་རྩལ་ཁང་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་རིང་ལ། རིམ་བསགས་ཀྱིས་ཤུགས་རྐྱེན་ཆེ་བའི་མཛེས་རྩལ་འགྲེམ་སྟོན་སྟོང་ལྔ་དང་ལྔ་བརྒྱ་ལྷག་སྤེལ་བ་དང་། རིགས་སྣ་ཚོགས་ཀྱི་ཀྲུང་ཕྱིའི་མཛེས་རྩལ་བརྩམས་ཆོས་འབུམ་གཅིག་དང་ཁྲི་གསུམ་ལྷག་ཉར་ཚགས་བྱས་ཡོད། ཉེ་སྔོན་ཀྲུང་གོའི་མཛེས་རྩལ་ཁང་གི་ཆེད་མཁས་པ་དང་སྒྱུ་རྩལ་པ་རྒན་པ་བཅུ་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བྲིས་ནས། ཀྲུང་གོའི་མཛེས་རྩལ་ཁང་གི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་བྱས་པ་དང་། དུས་རབས་གསར་བའི་ནང་མཛེས་རྩལ་ཁང་གི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་ཐད་སྟོབས་ཤུགས་འབུལ་འདོད་ཡོད་པའི་ཆོད་སེམས་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།