ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.05.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 33

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་བདེ་སྐྱིད་ནི་ཆེས་ཆེ་བའི་འགྲོ་མིའི་ཐོབ་ཐང་ཡིན་ཞིང་། འཕེལ་རྒྱས་ནི་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་གནད་འགག་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་བརྩོན་པ་ཆེར་སྐྱེད་བྱས་ཏེ། བོད་ལྗོངས་ཀྱི་ལོ་ངོ་ཁྲི་སྟོང་འགའི་རིང་གི་དབུལ་ཕོངས་གནད་དོན་ཐག་གཅོད་བྱས་ཤིང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ནས། གསོན་ཤུགས་རྣམ་པར་རྒྱས་པའི་དར་རྒྱས་ཀྱི་རྣམ་པ་མངོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་། བོད་ལྗོངས་ཀྱིས་འཐུས་ཚང་ཞིང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མྱུར་མོར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་ནས། མི་དམངས་རྣམས་ལ་སྔར་ལས་བདེ་སྐྱིད་མཛེས་སྡུག་གི་འཚོ་བ་རོལ་དུ་འཇུག་དགོས་པའི་བླང་བྱ་བཏོན།

ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། བརྗོད་སྙིང་ནི་དུས་རབས་གསར་པ། བོད་ལྗོངས་གསར་པ། སྐྱོད་ལམ་གསར་པ་སྟེ། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འགྲོ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་ཞེས་པ་དེ་ཡིན་ལ། ཚེས་ཉེར་གསུམ་ཉིན་པེ་ཅིང་ནས་སྤེལ་མགོ་བརྩམས།


བསོད་ནམས་ཚེ་རིང་གིས་བསྒྱུར།