ལིས་ཆང་གིས་ཀྲུང་གོ་དང་ཨུ་རུ་སིའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.05.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་ཀྲུང་གོ་དང་ཨུ་རུ་སིའི་ཚོང་དོན་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ལིས་ཆང་གིས་བསྟན་དོན། ད་ལོའི་ཟླ་གསུམ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་རྒྱལ་ཁའི་ངང་རྒྱལ་དོན་འཚམས་འདྲི་མཛད་པ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཇུས་གཞི་བཀོད། ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ་དང་། སྒོ་འབྱེད་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་སྔར་ལས་མང་བའི་བརྟན་འཇགས་རང་བཞིན་དང་འཕེལ་རྒྱས་སྒུལ་ཤུགས་ཁ་སྣོན་བྱེད་རྒྱུ་ཡིན།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་ལས་རྒྱ་བསྐྱེད་ནས་མཉམ་ལས་དང་སྤུས་ཚད་མཉམ་འཛིན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་སྟེགས་བུ་བཟང་བོ་བསྐྲུན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་འབྲེལ་མཐུད་ཀྱི་དགོས་མཁོ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ནང་དོན་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།