ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་དང་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་ལ་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། རྨང་གཞིའི་སྒྲིག་ཆས་ལས་གཞི་གལ་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་དཔའ་ལུང་རྫོང་ནང་སྟོད་གྲོང་རྡལ་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་མཚོ་སྔོན་བར་མཚམས་ཀྱི་ལས་གཞི་དང་ཞོན་ཧྭ་རྫོང་རག་ཤུལ་མདོ་ཡུལ་ཚོ་ཏ་ཆིན་མྱུར་བགྲོད་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། འཛུགས་སྐྲུན་མི་སྣར་འཚམས་འདྲི་བྱས་པ་དང་། བཟོ་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། ལས་གཞི་འཛུགས་སྐྲུན་བྱེད་ཚད་ལ་བལྟས། ཁོ་ཚོས་ནན་གྱིས་བསྟན་དོན། ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི་ལམ་ཐག་འབྲིང་རིང་གི་མྱུར་བགྲོད་ལྕགས་ལམ་དྲ་རྒྱ་སྟེ་འཕྲེད་བརྒྱད་གཞུང་བརྒྱད་ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཏ་ཆིན་མྱུར་བགྲོད་ལྕགས་ལམ་ནི་རང་ཞིང་གི་གཞུང་གསུམ་འཕྲེད་བཞི་དང་འབྲེལ་བཅུའི་མྱུར་བགྲོད་གཞུང་ལམ་དྲ་རྒྱའི་འབྲེལ་འདྲིས་ལམ་ཐིག་ཡིན་ལ། སྐོར་ཐེངས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐད་ནས་རྣམ་པ་གསར་པ་གྲུབ་པར་བྱེད་པ་དང་། ལན་ཀྲིག་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་སྤུས་ཚད་མཐོ་བའི་ངང་འཛུགས་སྐྲུན་བྱེད་པ། ཁུལ་ཁོངས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ཉེན་ཁ་རྟོག་སེལ་བཅོས་སྐྱོང་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་བརྩི་སྲུང་བྱས་ནས། བཟོ་སྐྲུན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། ལས་སྒྲུབ་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཁྲོད་ལས་སྒྲུབ་བྱེད་པར་དོ་སྣང་བྱེད་པ་དང་། ཡིག་ཆ་ལེགས་སྒྲིག་དང་ཉམས་མྱོང་སྤྱི་སྡོམ་བྱེད་པར་རྗེས་འདེད་བྱེད་པ། བཟོ་སྐྲུན་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད། ལག་རྩལ་བརྗེ་རེས་བྱེད་པ་དང་ནུས་པ་མཐོར་འདེགས་གཏོང་བ། དཔུང་སྡེ་སྦྱོང་བརྡར་བྱེད་དགོས། ཚད་གཞི་མཐོ་བའི་ངང་སྤུས་ཚད་བཟོ་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བཟོ་སྐྲུན། དཔེ་སྟོན་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། འགྲིམ་འགྲུལ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གདོང་ལེན་པ་རུ་འགྱུར་བར་བྱེད་དགོས།
རྨ་ཆུའི་ལྷོ་བྱང་འགྲམ་གཉིས་ཀྱི་ཞོན་ཧྭ་རྫོང་ཡ་རྫིའི་སྐྱེ་ཁམས་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ནི་ས་དེའི་གྲོང་ཁྱེར་གྱི་སྒྲོམ་གཞི་འབྱེད་པ་དང་འགྲིམ་འགྲུལ་མཉམ་འབྲེལ་ལེགས་སྒྱུར་བྱེད་པ། འཛུགས་སྐྲུན་བཀོལ་སྤྱོད་ས་ཆ་ལེགས་སྒྱུར་བྱེད་པ། ལྗང་མདོག་བར་སྟོང་ཕྲེང་སྦྲེལ་བྱེད་པ་བཅས་ཀྱི་ལས་གཞི་གལ་ཆེན་ཡིན། བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་སུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པའི་མངགས་བཅོལ་དུས་ནམ་ཡང་ཡིད་ལ་དམ་པོར་འཛིན་པ་དང་། ཆུའི་ཁག་ཁུར་ཕྲག་ཏུ་ལེན་པ་དང་འགོ་ཁུངས་ཀྱི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། གོང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། འཆར་འགོད་སྔོན་དུ་བསྐྱོད་པར་དོ་སྣང་བྱེད་པ། སྔོ་ཁེབས་སྲུང་སྐྱོབ་སྲོག་རྩ་རུ་བརྩི་བ་དང་ཆུ་སྐྱིལ་གསོག་གཙོར་འཛིན་པ་འཛུགས་སྐྲུན་གྱི་འཆར་འགོད་གཙོ་གནད་དུ་བྱེད་པ། ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བྱེད་པ། འགྲམ་རྒྱུད་ཀྱི་སྡེ་བའི་ཁྱད་ཆོས་ཡུལ་ལྗོངས་འཛུགས་སྐྲུན་བཟང་བོ་བྱེད་པ། སྤུས་ཚད་མཐོ་བའི་ངང་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་རྗེས་ཀྱི་གྲོང་ཁྱེར་གྱི་རྣམ་པ་མཛེས་སྡུག་ལྡན་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།