ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་རིག་སྒྱུ་རྩལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། མཉམ་དུ་རྩོམ་རིག་སྒྱུ་རྩལ་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཇུས་ཆེན་ལ་གྲོས་སྡུར་བྱས་ཏེ། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་དབྱི་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་ཤིས་ཚིག་ཕུལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འཐུས་ཚབ་པས་རྩོམ་རིག་སྒྱུ་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད། ཀྲུང་གོའི་ཞབས་བྲོ་པའི་མཐུན་ཚོགས་དང་ཧྲང་ཧེ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།
ལིས་དབྱི་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་པ་དང་། རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ལ། དགེ་མཚན་གཉིས་འདོན་སྤེལ་བྱས་ཏེ། མཚོ་སྔོན་མི་དམངས་ཀྱིས་བསྐྱོད་ལམ་གསར་བའི་སྟེང་མུ་མཐུད་དུ་ལེའུ་གསར་བ་འབྲི་བའི་ཐད་རིག་གནས་ཀྱི་འདེགས་སྐྱོར་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་འདོན་སྤྲོད་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཡོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཇུས་ཆོད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་བྱེད་པ་དང་། རང་འགུལ་གྱིས་བྱ་བའི་གནད་འཇོག་ས་དང་ཟུང་འབྲེལ་གནས་བཙལ་ནས། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ངོས་ལེན་ལྔ་ཇེ་དྲག་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་པ། མཛེས་སྡུག་གི་མ་འོངས་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་དགོས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱིས་བོད་འབྲེལ་ས་ཆར་རོགས་སྐྱོར་བྱེད་པའི་བྱ་བའི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་། མཉམ་འབྲེལ་སྒོས་རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མུ་འབྲེལ་བརྗོད་དོན་རིག་རྩལ་བརྗེ་རེས་བྱ་འགུལ་སྤེལ་བ། མཚོ་སྔོན་ཞིང་ཆེན་གྱིས་བསྡུས་པའི་རིག་རྩལ་སྐོར་འཁྲས་རྣམ་གྲངས་ངོ་སྤྲོད་དང་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལས་གཞི་སྐོར་ཞིག་ལག་བསྟར་བྱེད་པ་དང་སྤུས་འདེགས་ནུས་སྤེལ་བྱེད་པ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་རིག་རྩལ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་དེའི་ཏང་ཨུ་དང་སྲིད་གཞུང་གི་རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། རྒྱལ་ཡོངས་རིག་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བར་གྱི་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་པ། དུས་རབས་གསར་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་པར་རིས་བཟང་བོ་བྲིས་ནས། མཉམ་དུ་རྩོམ་རིག་སྒྱུ་རྩལ་མ་ལག་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྱུ་རྩལ་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཚང་མས་ལོ་མང་པོའི་རིང་ལ་མཚོ་སྔོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁྲིན་ཀང་གིས་བཤད་རྒྱུར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐེངས་འདིའི་གྲོས་ཚོགས་མཚོ་སྔོན་དུ་བསྡུས་པ་དང་། རིག་རྩལ་པའི་འཐུས་ཚབ་སོ་སོ་མཐོ་སྒང་དུ་ལྷན་འཛོམས་བྱུང་བ་དེས། མཚོ་སྔོན་གྱི་རིག་རྩལ་ལས་དོན་དང་ཐ་ན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤན་ཤུགས་ཆེན་པོ་ཐེབས་ངེས། མཚོ་སྔོན་གྱི་རི་མཐོ་ཞིང་ཆུ་ལྗང་ལ་ས་ཁོད་ཡངས་པ་དང་། ས་ཆ་མཛེས་ལ་མི་དེ་ལས་ཀྱང་མཛེས། ས་དེའི་སྟེང་། དཀའ་སྤྱད་ལས་སྐྲུན་བྱེད་པའི་འཐེན་ཐུག་ལས་གཉེར་བ་དང་ཁྱིམ་གཞི་སྲུང་བའི་སྐྱེ་ཁམས་དོ་སྲུང་པ་ཡོད་ལ། གཅེས་སུ་རུང་བའི་མདེལ་གཉིས་སྐར་གཅིག་གི་བྱས་རྗེས་འཇོག་མཁན་དང་དྲིན་གཟོ་མདུན་སྐྱོད་ཀྱི་རིགས་སོ་སོའི་མང་ཚོགས་ཡོད། རེ་བ་ཡིན་ན་སྒྱུ་རྩལ་པ་ཚོས་མཚོ་སྔོན་གྱི་མི་ཆོས་སྙིང་སྟོབས་དང་རིག་གནས་ཀྱི་འགུག་ཤུགས། རིག་གནས་ཀྱི་རྨང་གཞི་སྔོག་འདོན་བྱེད་པ་དང་། མཚོ་སྔོན་གྱི་གཏམ་བཤད་སྔར་ལས་མང་པོ་དང་བཟང་བོ་བཙལ་ནས། རབ་མཛེས་མཚོ་སྔོན་ལ་སྔར་ལས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གོ་དོན་བསྩལ་དགོས། མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་ཐེངས་འདིའི་གྲོས་ཚོགས་འགོ་ཚུགས་ས་གསར་བ་རུ་བྱས་ནས། ཐུན་མོང་གི་ལྟ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རིག་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་དེ་གསར་རྩོམ་དར་རྒྱས་སུ་གཏོང་བའི་བཟོ་སྐྲུན་དང་འཇོན་མི་སྐྱེད་སྲིང་བྱེད་པའི་བཟོ་སྐྲུན། མི་སེམས་གཅིག་ཏུ་བསྡུ་བའི་བཟོ་སྐྲུན་བཅས་སུ་གསར་སྐྲུན་བྱེད་དགོས་པའི་རེ་བ་བཏོན། མཚོ་སྔོན་གྱིས་དྲིན་ལན་ཤེས་པར་བྱས་ནས་བྱ་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོ་དང་མཉམ་དུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཆེད་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རྒྱལ་ཡོངས་རིག་རྩལ་པའི་མཐུན་ཚོགས། མཚོ་སྔོན་ལ་རོགས་སྐྱོར་དང་མཉམ་ལས་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རང་ཞིང་གི་རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོ་མིའི་སྣེ་ཁྲིད་པ། ཞིང་ཆེན་ཡོངས་ཀྱི་རིག་རྩལ་བྱ་བ་སྒྲུབ་མཁན་གྱི་འཐུས་ཚབ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།