རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་དང་གྲོས་མོལ་མཛད།
ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དུས་ནམ་ཡང་ཆུ་ཚད་མཐོན་པོས་འཁོར་སྐྱོབ་བྱས། ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་ཆེ་བ་དང་བར་སྟོང་ཡངས། ཀྲུང་གོས་ཨུ་རུ་སི་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་རྐྱེན་སྲོལ་གྱི་ཐབས་ལམ་གཙོ་བོའི་ནུས་པ་ལེགས་པར་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་དོན་འཁྱོལ་བྱས་ཏེ། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་བརྟན་བརླིང་དང་རྒྱུན་སྲིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ཨུ་རུ་སི་བར་གྱི་ཉོ་འཚོང་གྲུབ་ཚུལ་ཇེ་ལེགས་སུ་བཏང་ནས། ཞིང་ལས་དང་ཞབས་ཞུའི་ཉོ་འཚོང་། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། འབྱོར་ཚོང་མཉམ་ལས་སྤུས་ཚད་དང་གྲངས་ཚད་གཉིས་ཐད་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་ཟབ་མོ་བྱས་ཏེ། ས་གནས་དང་ཁེ་ལས་སྔར་ལས་མང་པོ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཁྲོད་ཞུགས་པར་སྐུལ་ཁྲིད་བྱེད་འདོད་ཡོད། མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་ཚན་རྩལ། རིག་གནས། ཡུལ་སྐོར། ལུས་རྩལ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད།
ལིས་ཆང་གིས་ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ལོ་རེད། ཀྲུང་གོས་ཨུ་རུ་སི་སོགས་ཨོ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་མཉམ་དུ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཨོ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ནས། ཉོ་འཚོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།
མུས་ཧྲུའུ་སི་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་མཛའ་བརྩེ་ནི་ཆུ་བོའི་རྒྱུན་ལས་རིང་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བར་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་དམིགས་བསལ་གྱི་དཔེ་སྟོན་དོན་སྙིང་ལྡན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དོན་འཁྱོལ་བཟང་བོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་ལེགས་པོ་བྱས་ཏེ། འབྱོར་ཚོང་དང་ནུས་ཁུངས། ཞིང་ལས། ཚན་རྩལ། རྨས་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་དགོས། ཨུ་རུ་སིས་ཀྲུང་གོའི་བར་གྱི་མི་ཆོས་དང་ས་གནས་ཀྱི་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད་ཟེར།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།
གྲོས་མོལ་གྱི་སྔོན་ལ། ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་མུས་ཧྲུའུ་སི་ཅིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཧི་ལིས་ཧྥིན་དང་ཆིན་ཀང་སོགས་གོང་གི་བྱ་འགུལ་ལ་ཞུགས།
ཉིན་དེའི་ཕྱི་དྲོར། མུས་ཧྲུའུ་སི་ཅིན་གྱིས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།