
ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་དྲངས་པ་ལྟར་བརྙན་རིས་ཀྱི་ལམ་ནས་ཨོ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་ཨོ་ཡ་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ནི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་ལ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་བོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེ་འགོག་ཐབས་བྲལ་བ་ཞིག་ཡིན། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་བ་ཡིན། ཡ་ཨོ་སྐམ་ས་ཆེན་མོ་ནི་འཛམ་གླིང་སྟེང་མི་གྲངས་ཆེས་མང་བ་དང་རྒྱལ་ཁབ་ཆེས་མང་ལ། དཔལ་ཡོན་ཆེས་སྣ་མང་གི་ས་ཁུལ་ཞིག་ཡིན། ཟིང་ཟིང་དུ་གྱུར་ཅིང་འགྱུར་ལྡོག་ཆེ་བའི་འཛམ་གླིང་འདི་རུ་ཡ་ཨོ་མཉམ་ལས་ཀྱི་མདུན་ལམ་ཅི་ལྟ་བུ་ཞིག་ཏུ་བསྐྱོད་རྒྱུ་ནི། ས་ཁུལ་གྱི་མི་དམངས་ཡོངས་ཀྱི་བདེ་སྐྱིད་དང་འབྲེལ་བར་མ་ཟད། འཛམ་གླིང་གི་འཕེལ་ཕྱོགས་ལ་ཡང་ཤན་ཤུགས་ཟབ་མོ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདི་ལྟ་བུའི་དུས་རབས་ཀྱི་དྲི་བ་དང་ལོ་རྒྱུས་ཀྱི་དྲི་བར་ཀྲུང་གོས་བཏབ་པའི་ལན་ནི་ཧ་ཅང་གསལ་བོ་ཡིན། ངས་སྔ་གཞུག་ཏུ་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་མགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་མགོ་བཅས་བཏོན་ནས། རྒྱལ་ཁབ་སོ་སོས་རྒྱུན་སྲིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་ཡོད། ད་ལོ་ནི་ངས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། གྲོས་མགོ་འདི་འདོན་པའི་དམིགས་ཡུལ་དང་རྐང་འཛུགས་ས་ནི། ཐག་ཉེ་རིང་གི་རྒྱལ་ཁབ་ཀུན་ཐུན་མོང་སྒོས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སོ་སོ་སྐྱིད་ལ་འགོད་པ་དང་འཛམ་གླིང་ལ་ཕན་ཁེ་བསྐྲུན་པའི་བདེ་སྐྱིད་ཀྱི་ལམ་ཞིག་གསར་འབྱེད་བྱེད་རྒྱུ་དེ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡ་ཨོ་ཁྱིམ་གཞིས་ཆེན་མོའི་ཁོངས་མི་ཞིག་ཡིན་པའི་ཆ་ནས། ཀྲུང་གོའི་འཕེལ་རྒྱས་ནི་ཡ་ཨོ་ས་ཁུལ་དང་ཁ་འབྲལ་ཐབས་མེད་ལ། དེས་ཡ་ཨོ་ས་ཁུལ་ལ་ཕན་འདོགས་པ་ཡིན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཨོ་ཡ་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་གྱི་སྦྲེལ་མཐུད་མཉམ་ལས་གཏིང་ཟབ་དང་ནན་ཏན་གྱིས་སྤེལ་བ་དང་། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་རོགས་རེས་དང་སེམས་ཤུགས་གཅིག་མཐུན་གྱིས་ཡ་ཨོ་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་རེ་བ་སྙིང་ནས་བཅངས་ཡོད། ད་ལོའི་ལོ་སྨད་དུ། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བསྡུ་རྒྱུ་ཡིན། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་རྒྱལ་ཁབ་དང་ཨོ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མུ་མཐུད་དུ་མཐོན་པོར་སྒྲེང་ནས། གོ་སྐབས་མཉམ་སྤྱོད་དང་དཀའ་ངལ་མཉམ་སེལ། མ་འོངས་མཉམ་སྐྲུན་སྒོས་ལག་གདང་མཉམ་དུ་སྦྲེལ་ནས་སྣེ་མང་ཅན་གྱི་འཛམ་གླིང་གི་དཔལ་ཡོན་གོང་འཕེལ་གྱི་ལོ་རྒྱུས་གསར་པ་རྩོམ་འདོད་ཡོད།
ཨོ་ཡ་དཔལ་འབྱོར་མནའ་འབྲེལ་གྱི་ཨོ་ཡ་དཔལ་འབྱོར་གླེང་སྟེགས་སྐབས་གཉིས་པ་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་ཨུ་རུ་སིའི་མོ་སི་ཁོ་ནས་དྲ་ཐོག་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པས་བསྡུས་པ་དང་། བརྗོད་དོན་ནི་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་ཨོ་ཡ་གཞི་གཅིག་ཅན་ཞེས་པ་དེ་རེད།