རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་ཨོ་མིན་ཚན་རིག་ཨང་རྟགས་དང་པོ་ཞེས་པའི་འཁོར་སྐར་ཞིབ་འཇུག་བཟོ་སྐྲུན་ལ་ཞུགས་པའི་ཨོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་འཐུས་མིར་འཕྲིན་ལན་བསྐུར་ནས། ཁོ་ཚོར་སྙིང་ཉེ་བའི་སྐུལ་མ་བཏང་།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་གསུངས་དོན། ཚིག་དང་ཡིག་འབྲུའི་བར་ནས་བདག་གིས་ཁྱོད་ཚོ་རྒྱལ་ཁབ་ཚན་རྩལ་བྱ་གཞག་དང་མཁའ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཞུགས་པའི་བརྩེ་བ་དང་ཁག་ཁུར་སེམས་ཀྱིས་མྱོང་ཡོད། ཁྱོད་ཚོ་ཟབ་ཞུགས་བྱས་ནས་ཞིབ་འཇུག་བཟོ་སྐྲུན་བྱས་པའི་ཨོ་མིན་ཚན་རིག་ཨང་རྟགས་དང་པོ་ཞེས་པའི་འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པ་ཐོས་པས། ཚང་མར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཨོ་མིན་དང་ནང་ལོགས་ཀྱིས་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་ཇེ་ཟབ་ཏུ་སོང་ནས། དགའ་འོས་པའི་གྲུབ་འབྲས་བླངས་ཡོད། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཨོ་མིན་མཐོ་རིམ་སློབ་གྲྭ་དང་ཨོ་མིན་ཚན་རྩལ་བྱ་བ་བྱེད་མཁན་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་བར་སྟོང་འདོན་སྤྲོད་བྱས་ཡོད། ཁྱོད་ཚོས་མུ་མཐུད་དུ་རྒྱལ་གཅེས་ཨོ་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱས་ཤིང་། ཧུར་ཐག་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་འདྲིས་པར་བྱེད་པ་དང་། ཧུར་ཐག་སྒོས་ཨོ་མིན་དང་ཞང་ཀང་གི་མཚོ་ཁུགས་ཆེན་མོའི་འཛུགས་སྐྲུན་ལ་ཞུགས་ཏེ། ཨོ་མིན་གྱི་དཔལ་འབྱོར་གྱི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཐབས་དེ་ཨོ་མིན་ནས་བདེ་བླག་ངང་ལག་བསྟར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན། ཨོ་མིན་ཚན་རིག་ཨང་རྟགས་དང་པོའི་འཁོར་སྐར་ནི་ནང་ལོགས་དང་ཨོ་མིན་གྱིས་མཉམ་ལས་བྱས་ཏེ་ཞིབ་འཇུག་བཟོ་སྐྲུན་བྱས་པའི་ཚན་རིག་འཁོར་སྐར་ཐོག་མ་ཡིན་པ་དང་། གཙོ་བོ་སའི་གོ་ལའི་ཁབ་ལེན་ར་བའི་ཚད་འཇལ་དང་ཞིབ་འཇུག་ཐད་བཀོལ་བ་རེད། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ཅིག་ཆོན་འཁོར་སྐར་གཏོང་འཕེན་ལྟེ་གནས་ནས་བདེ་བླག་ངང་གཏོང་འཕེན་བྱས། འཁོར་སྐར་ཞིབ་འཇུག་བཟོ་སྐྲུན་ལ་ཞུགས་པའི་ཨོ་མིན་ཚན་རྩལ་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་བཅོ་བརྒྱད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། འཁོར་སྐར་བདེ་བླག་ངང་གཏོང་འཕེན་བྱས་པའི་འཕྲིན་བཟང་དང་འཁོར་སྐར་གྱི་ཞིབ་འཇུག་བཟོ་སྐྲུན་བྱ་བར་ཞུགས་པའི་མྱོང་ཚོར་སྙན་ཞུ་བྱས་ཏེ། མེས་རྒྱལ་གྱི་ཚན་རིག་ཞིབ་འཇུག་དང་འཛུགས་སྐྲུན་ལ་ཧུར་ཐག་སྒོས་ཞུགས་པའི་རེ་འདུན་དང་ཆོད་སེམས་མཚོན་པར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།