ཞི་ཅིན་ཕིང་དང་ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་གིས་ཀྲུང་གོ་དང་ཨིག་ལི་ཐི་ལི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
2023.05.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་ཡིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་དང་ཨིག་ལི་ཐི་ལི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། ཀྲུང་གོ་དང་ཨིག་ལི་ཐི་ལི་ཡཱའི་འབྲེལ་བ་དེ་རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ཆེན་པོ་བརྒྱུད་པ་དང་། ཕྱོགས་གཉིས་ནི་ཐོག་མཐའ་བར་གསུམ་དུ་གྲོགས་པོ་རྣམ་དག་ཡིན་ལ། ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱས་པར་མ་ཟད། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱས། ཅང་མ་འགོར་བའི་སྔོན་དུ་ཙུང་ཐུང་དབྱེ་སཱ་ཡཱ་སི་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས་ཏེ། ཐུན་མོང་ལྟ་ཚུལ་གལ་ཆེན་མང་བོ་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བདག་གིས་ཀྲུང་གོ་དང་ཨིག་ལི་ཐི་ལི་ཡཱའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་དབྱེ་སཱ་ཡཱ་སི་དང་མཉམ་དུ་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བ་གོ་སྐབས་སུ་བྱས་ཏེ་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨིག་ལི་ཐི་ལི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

དབྱེ་སཱ་ཡཱ་སི་ཡིས་བསྟན་དོན། ཨིག་ལི་ཐི་ལི་ཡཱའི་བར་མཛའ་བཤེས་རྒྱུན་རིང་ཞིང་ཀྲུང་གོས་ཨིག་ལི་ཐི་ཡཱའི་མི་དམངས་ཀྱིས་མི་རིགས་སྒེར་ཚུགས་བརྩོ་ལེན་བྱེད་པར་སེམས་ཤུགས་དང་དངོས་པོའི་རྒྱབ་སྐྱོར་འདོན་སྤྲོད་བྱས། འདས་པའི་ལོ་ངོ་སུམ་ཅུའི་ནང་། ཨིག་ལི་ཐི་ལི་ཡཱ་དང་ཀྲུང་གོའི་འབྲེལ་བར་བསྟུད་མར་འཕེལ་རྒྱས་བྱུང་། ཅང་མ་འགོར་བའི་སྔོན་ལ། བདག་གིས་ཀྲུང་གོའི་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་གྲོས་མོལ་ཟབ་མོ་བྱས། ཨིག་ལི་ཐི་ལི་ཡཱ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བ་རིམ་པ་མཐོན་པོར་མཐོར་འདེགས་བྱུང་ཡོད་པ་དང་། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་མཉམ་ལས་དང་མཐུན་སྦྱོར་ལ་ཁེབས་ཡོད་པ་མཐོང་ནས་དགའ་སྤྲོ་ཆེན་པོ་བྱུང་ཡོད་ཟེར། དབྱེ་སཱ་ཡཱ་སི་ཡིས་ནན་གྱིས་བསྟན་དོན། བདག་གིས་དགའ་སྟོན་གྱི་དུས་སྐབས་འདིར། ཡང་བསྐྱར་ཨིག་ལི་ཐི་ལི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་བའི་མདུན་ལྗོངས་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།