ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཙུང་ལི་ལ་མཇལ་འཕྲད་གནང་།
2023.05.25 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་མུས་ཧྲུའུ་སི་ཅིན་བརྒྱུད་དེ་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་གསུམ་པར། ངས་ཨུ་རུ་སིར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇུས་གཞི་འབྲི་བཞེངས་བྱས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་དེ་དམངས་ཀྱི་འདོད་འདུན་ཡིན་པ་དང་། གནས་བབ་ཀྱི་འཕེལ་ཕྱོགས་ཀྱང་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་བར་སྟོང་ཆེ་བ་དང་མདུན་ལྗོངས་རྒྱ་ཆེ་བ། སྒུལ་ཤུགས་འདང་ཚིམས་པ་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་ཆུ་ཚད་སྤར་ལས་མཐོན་པོར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་གནད་དོན་ཐད་ནས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་གང་ལེགས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྦས་ཤུགས་སྔོག་འདོན་དང་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་སྒྲིག་གཞིའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། ནུས་ཁུངས་དང་གཅིག་འབྲེལ་གཅིག་བརྟེན་སོགས་མཉམ་ལས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་བྱས་ནས། འཕར་སྣོན་གྱི་གནད་གསར་བ་སྔར་ལས་མང་བོ་གསར་བསྐྲུན་བྱེད་དགོས། མུ་མཐུད་དུ་མི་གཞུང་བརྗེ་རེས་རྒྱ་བསྐྱེད་དེ་དམངས་སེམས་གཅིག་ཏུ་མཐུན་པའི་རྣམ་པ་གསར་གསར་འབྱེད་བྱེད་དགོས། ཀྲུང་གོག་ཕྱོགས་ཀྱིས་ཨུ་རུ་སི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་སྒོ་འབྱེད་ཀྱི་ས་ཁོངས་ཚོང་ར་ཆེན་མོ་ཆགས་པར་ཡར་སྐུལ་དང་འཛམ་གླིང་ཡོངས་ཀྱི་ཐོན་ལས་མུ་འབྲེལ་མཁོ་འདོན་དང་གཏན་འཇགས་འཁོར་རྒྱུག་ལ་འགན་སྲུང་བྱས་ཏེ། ས་ཁུལ་དང་རྒྱལ་ཁབ་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་འདོད་ཡོད་ཅེས་གསུངས།

མུས་ཧྲུའུ་སི་ཅིན་གྱིས་ཕུའུ་ཅིན་གྱིས་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བསྟན་དོན། ད་ལོའི་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིར་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་དོན་འཚམས་འདྲི་མཛད་པར་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ལ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་བ་གསར་གཏོད་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ནན་ཏན་གྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་དུས་བཅད་ལྟར་གྲོས་མོལ་བྱེད་པ་དང་འབྲེལ་ཡོད་ཀྱི་མཉམ་ལས་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་སྣེ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲ་བརྟན་དུ་གཏོང་འདོད་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་མཛའ་མཐུན་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཝང་དབྱི་དང་ཧི་ལིས་ཧྥིན། ཆིན་ཀང་སོགས་མཇལ་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།