ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན། ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གཉིས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་པེ་ཅིང་དུ་བསྡུས། མཚོ་སྐོར་འགྲན་སྡུར་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཝང་ཞ་ཡིས་འགྲན་སྡུར་གྲ་སྒྲིག་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། འགྲན་སྡུར་གྱི་ལམ་ཐིག་དང་འགྲན་ཞུགས་རུ་ཁག རོགས་སྐྱོར་ཁེ་ལས་སོགས་ཁྱབ་བསྒྲགས་བྱས་པར་མ་ཟད་གན་རྒྱ་བཞག
ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གཉིས་པའི་མགོ་རྩོམ་མཛད་སྒོ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པའི་ཚེས་བརྒྱད་ཉིན་ཟི་ལིང་དུ་བསྡུ་རྒྱུ་ཡིན་པ་དང་། ཟླ་བདུན་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་འགྲན་སྡུར་བྱེད་རྒྱུ་ཡིན་ལ། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་མཇུག་བསྡུའི་མཛད་སྒོ་བསྡུ་རྒྱུ་རེད། འགྲན་སྡུར་ལ་བསྡོམས་པས་འགྲན་རིམ་བརྒྱད་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་རྒྱུ་ཡིན་པར་མ་ཟད། སྤྱིའི་ལམ་ཐག་ལ་སྤྱི་ལེ་སྟོང་གཅིག་དང་སུམ་བརྒྱ་ཞེ་བཞི་ཡོད། དེའི་ཁྲོད་འགྲན་སྡུར་གྱི་ལམ་ཐག་ལ་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་གོ་བཞི་ཡོད། འགྲན་སྡུར་སྐབས་སུ། གླིང་ཆེན་བཞི་ནས་ཡོང་བའི་རུ་ཁག་ཉེར་གཉིས་ཀྱི་ལུས་རྩལ་པ་བརྒྱ་དང་ང་བཞི་འགྲན་སྡུར་ལ་ཞུགས་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།