ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཆུ་དྲའི་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་པར་སྐྲུན་འགྲེམ་སྤེལ་བྱས།
2023.05.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་རྒྱལ་ཁབ་ཆུ་དྲའི་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་པར་སྐྲུན་འགྲེམ་སྤེལ་བྱས། རྩ་གནད་ལས་བསྟན་དོན། རྒྱལ་ཁབ་ཀྱི་ཆུ་དྲ་མྱུར་དུ་བཙུགས་ནས། དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཆུ་བེད་རྨང་གཞིའི་སྒྲིག་ཆས་ཀྱི་དྲ་རྒྱ་འཛུགས་སྐྲུན་བྱས་ཤིང་། ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་གནོད་འཚེ་བཅས་ཀྱི་གནད་དོན་གཅིག་འདོམས་ཐག་གཅོད་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཟེར།

འཆར་འགོད་རྩ་གནད་དེ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རྒྱལ་ཁབ་ཆུ་དྲའི་འཛུགས་སྐྲུན་གྱི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན། འཕེལ་རྒྱས་དམིགས་འབེན་ནི་ཉིས་སྟོང་ཉེར་ལྔ་ལོའི་བར་རྒྱལ་ཁབ་ཀྱི་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་སྐོར་ཞིག་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་དྲ་བའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཆུ་དྲ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཤིང་། གཙོ་བོ་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་དང་མཁར་གྲོང་གི་ཆུ་འདོན། ཆུ་ལོག་སྔོན་འགོག ཆུའི་སྐྱེ་ཁམས་སྲུང་སྐྱོབ། ཆུ་དྲའི་རིག་ནུས་ཅན་སོགས་ཀྱི་ཞན་ཆ་དང་མི་འདང་ས་ཁ་གསབ་བྱས་ཏེ། ཆུ་ལོག་དང་ཐན་པའི་གནོད་འཚེ་སྔོན་འགོག་གི་ནུས་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་སྒོས་བེད་སྤྱོད་བྱེད་པའི་ནུས་པ། ཆུའི་ཐོན་ཁུངས་ལེགས་བསྒྱུར་བཀོད་སྒྲིག་ནུས་པ། གཙང་ཆབ་ཆེན་མོ་དང་མཚོ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅོས་སྐྱོང་ནུས་པ་བཅས་སྔར་ལས་མཐོར་འདེགས་བྱེད་པ་དང་། ཆུ་དྲའི་བཟོ་སྐྲུན་རིག་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་བྱས་ནས། རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་སྲུང་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་རྒྱུ་དེ་ཡིན། ཉིས་སྟོང་སོ་ལྔ་ལོའི་བར་རྒྱལ་ཁབ་ཆུ་དྲའི་སྤྱིའི་རྣམ་པ་ཕལ་ཆེར་ཆགས་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆུ་དྲའི་སྒྲོམ་གཞི་གཙོ་བོ་དང་ཆུ་དྲའི་སྲོག་རྩ་རིམ་བཞིན་ཆགས་པར་བྱེད་དགོས་ལ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཆུ་དྲ་ཕལ་ཆེར་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་འཚམ་པའི་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་སྲུང་མ་ལག་ཕལ་ཆེར་མངོན་འགྱུར་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།