ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2023.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 85

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས་ལ། སྔོན་ཆད་ཀྱི་དུས་སྐབས་གང་ལས་ཀྱང་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་བྱེད་པར་དགོས་གལ་ཆེ། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་ཅིང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་ལག་རྩལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པེ་ཅིང་གིས་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཤིང་། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་ལ་རོགས་ལས་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་གི་མདུན་གྲལ་ཚན་རྩལ་ར་བའི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ། ཀྲུང་ཀོན་སྡེ་བའི་སྔོན་སྐྱོད་ཚོད་ལྟའི་བཅོས་བསྒྱུར་ལ་ཡར་སྐུལ་བྱས་ཏེ། མདུན་གྲལ་གྱི་ཚན་རྩལ་གསར་གཏོད་དང་རྩེར་སོན་གྱི་ཐོན་ལས་འཕེལ་རྒྱས་ཐད་ནས་ཧུར་ཐག་སྒོས་མདུན་གྲས་སུ་བསྐྱོད་དགོས།

ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་དེ་ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་བརྡ་འཕྲིན་ཅན་གྱི་ལས་དོན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཚན་རིག་སློབ་གླིང་། ཀྲུང་གོའི་བཟོ་སྐྲུན་སློབ་གླིང་། ཀྲུང་གོའི་ཚན་རིག་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཚེས་ཉེར་ལྔ་ཉིན་པེ་ཅིང་ནས་ཚོགས་མགོ་བརྩམས་པ་དང་། བརྗོད་སྙིང་ནི་སྒོ་འབྱེད་མཉམ་ལས་དང་མ་འོངས་མཉམ་སྤྱོད་ཅེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།