མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2023.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་གིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་བརྗོད་དོན་སློབ་གསོ་སོགས་བྱ་བར་ཞིབ་འཇུག་དང་སྐུལ་འདེད་བཏང་།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐབས་ཉི་ཤུ་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད་གལ་ཆེན་གྱིས། རྒྱལ་དར་བསྐྱར་དར་གྱི་བསྐྱོད་ལམ་གསར་བར་དམིགས་པ་དང་། རྩིས་བཤེར་དཔལ་འབྱོར་ལྟ་ཞིབ་ཀྱི་གཙོ་འགན་ལ་དམིགས་ནས། དུས་རབས་གསར་བའི་རྩིས་བཤེར་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་ལོན་ནན་མོ། ལག་ལེན་མཐར་ཕྱིན་བྱེད་པ་དང་། རྩིས་བཤེར་བྱ་བ་ནོར་སྲིད་མ་དངུལ་གྱི་རྗེས་སུ་དམ་པོར་འབྲངས་པ་རྒྱུན་འཁྱོངས་བྱེད་པ་དང་། ལས་བྱེད་པའི་འགན་སྒྲུབ་ཀྱི་རྗེས་སུ་སྙེག་པ། རྩིས་བཤེར་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་རྩིས་བཤེར་ལྟ་ཞིབ་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་སྐྱོང་སྙིང་སྟོབས་དང་ཆེད་ལས་སྙིང་སྟོབས། ཁག་ཁུར་སྙིང་སྟོབས། རང་གཅུན་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། རྩིས་བཤེར་ལས་བྱེད་པའི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་དང་ཧྲན་ཞི་སོགས་ལ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆགས་སྟངས་ཆེན་པོ་དང་མཐོང་རྒྱ་ཆེན་པོ་མངོན་པར་བྱས་ཡོད་པ་དང་། ང་ཚོས་བརྗོད་དོན་སློབ་གསོ་ཁྲོད་རྟོག་ཞིབ་སྤེལ་བའི་ཐད་དཔེ་སྟོན་བཟང་བོ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་གཙིགས་འཛིན་བྱས་ཏེ། སྲོལ་རྒྱུན་གྱི་ཁྱད་སྟོབས་ཐོན་ལས་སྲ་བརྟན་དུ་གཏོང་ཞོར་དུ་འགྲན་རྩོད་ཀྱི་དགེ་མཚན་གསར་བ་སྐྱེད་སྲིང་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་ན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ནམ་ཡང་བྱ་བ་སྣ་ཚོགས་འཆར་འགོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚད་གཞི་རུ་བརྩི་དགོས། མཉམ་ལས་འཕེལ་རྒྱས་གཙོར་འཛིན་པ་དང་། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གཏིང་ཟབ་བྱེད་པ། མཁར་གྲོང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། དགེ་མཚན་ཁ་གསབ་དང་མཉམ་བསྲེས་བྱེད་པ་མངོན་འགྱུར་བྱེད་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་། ཏང་གི་ཚན་རིག་གཞུང་ལུགས་ཁྲོད་ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་གསལ་བ། བྱེད་ཐབས་སློབ་པ། རིག་སྟོབས་སྐྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། སྡེ་བ་ཁྲི་སྟོང་བཟོ་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་བྱ་བ་སྒྲུབ་སྐབས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་ལག་བསྟར་བྱས་པའི་ཇུས་ཆོད་གལ་ཆེན་ཡིན་པ་དང་། ཕྱོགས་ཡོངས་ནས་ལག་བསྟར་བྱས་པའི་ལོ་ངོ་ཉི་ཤུའི་རིང་ལ་ཀྲེ་ཅང་གི་ཞིང་སྡེའི་རྣམ་པ་བསྒྱུར་བཅོས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྟོང་ཁྲི་བཟོ་སྐྲུན་གྱི་ཉམས་མྱོང་བྱེད་ཐབས་སློབ་སྦྱོང་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོ་སྤེལ་བའི་སློབ་གཞི་རུ་བརྩི་བ། གྲོང་གསེབ་དར་སྤེལ་བྱེད་པའི་སྣེ་ཁྲིད་གལ་ཆེན་དུ་བརྩི་བ། ཉམས་མྱོང་དྲིལ་སྒྲོག་དང་ཁྱབ་གདལ་བྱེད་པ་དང་། གནད་དོན་བརྟག་བཤེར་ལེགས་བཅོས་བྱེད་པ། གཞི་རིམ་གསར་གཏོད་བྱེད་པར་སྐུལ་སློང་གཏོང་བ། བྱ་བའི་སྤྱོད་ཚུལ་བསྒྱུར་བ་བཅས་ཀྱི་སྟེང་ཤུགས་འདོན་པ། དེའི་ཁྲོད་ཁྱབ་པའི་འདུ་ཤེས་དང་བྱེད་ཐབས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡང་དག་དང་ཆ་ཚང་བ་བྱས་ཏེ། བྱ་བའི་གྲུབ་འབྲས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་སུ་གནང་བའི་ཤིས་ཚིག་གལ་ཆེན་དང་བརྗོད་དོན་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཕྱི་དོན་བྱ་བ་དེ་ཀྲུང་དབྱང་གི་ཕྱི་ཕྱོགས་བྱ་བའི་སྤྱི་ཡོངས་ཁྲོད་བཞག་ནས་གནས་ཐིག་གཏན་ཁེལ་དང་འཆར་འགོད་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་འདྲེས་པར་བྱེད་པ། གྲོགས་པོའི་གྲོང་ཁྱེར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ས་གནས་བར་གྱི་བརྗེ་རེས་མཉམ་ལས་ཤུགས་བསྣན་ནས། རང་ཞིང་གི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནད་གསོ་རྒྱལ་སྤྱིའི་ལོ་བརྒྱའི་མཛད་སྒོའི་སྟེང་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། བྱམས་སེམས་ལྡན་པའི་ངང་དབང་བོ་སྐྱོན་ཅན་གྱི་བྱ་བཟང་བོར་བསྒྲུབ་པ། དབང་བོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་གཟིགས་སྐྱོང་ཞབས་ཞུ་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ། དབང་བོ་སྐྱོན་ཅན་ལ་ཕན་པ་དང་དབང་བོ་སྐྱོན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་རྒྱུན་མཐུད་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། དབང་བོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། རྒྱ་ཆེའི་དབང་བོ་སྐྱོན་ཅན་དེང་རབས་ཅན་དང་མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་སྟེང་གཅིག་ཀྱང་རྗེས་སུ་མི་ལུས་པར་བྱེད་དགོས། 2023ཀྲུང་དབྱང་གི་ཐའེ་ཝན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། དུས་རབས་གསར་བར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱི་ཁོག་ཐབས་ཇུས་ལག་བསྟར་བྱེད་པ། རྒྱལ་ཡོངས་བསམ་བཀོད་གཅིག་གི་བསམ་བློ་ཇེ་བརྟན་དུ་གཏོང་བ། འགྲམ་གཉིས་ཁྱིམ་ཚང་གཅིག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་གྱི་མདུན་དུ་ལྷགས་པའི་དམིགས་བསལ་ཚོད་བགམ་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཐའེ་ཝན་རང་བཙན་གྱི་ཁ་གྱེས་བྱ་འགུལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།

ཚོགས་ཐོག་ནས་བསྟན་དོན། ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་བྱེད་པ་དང་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་པས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་གི་གཏམ་བཤད་ཀྱི་རེ་བའི་སྟེང་གཅིག་གྱུར་བྱེད་པ། ཏང་ཀྲུང་དབྱང་གི་མངག་བཅོས་ཡིད་ལ་དམ་པོར་འཛིན་པ། ཕན་ཡོད་སྦྲེལ་མཐུད་བཟང་བོ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པ་ཡིད་ལ་དམ་པོར་འཛིན་པ། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཡིན་པ་ཡིད་ལ་དམ་པོར་འཛིན་པ། སྤྱོད་ཚུལ་བསྒྱུར་རྒྱུ་ནི་རྩ་བཅོས་ཀྱི་བྱེད་ཐབས་ཡིན་པ་ཡིད་ལ་དམ་པོར་འཛིན་པ། འགན་འཁྲི་བརྒྱུད་ཁྲིད་བྱེད་པར་བརྟེན་ནས་རྒྱལ་ཁབ་ཀྱི་ཞིབ་དཔྱད་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་ལས་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་པ། རྨང་གཞིའི་བྱ་བ་དམ་འཛིན་བྱེད་པ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་་ཕྱོགས་བསྡུས་ཕན་འབྲས་འདོན་སྤེལ་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་ལ་མང་ཚོགས་ཀྱི་ཁས་ལེན་བྱེད་པར་ཁག་ཐེག་བྱེད་པ་དང་། ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པར་བྱེད་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ནས་ནན་གྱིས་བསྟན་དོན། གནས་བབ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆེད་དོན་ཞིབ་འཇུག་གཏིང་ཟབ་བྱས་ནས། བཏང་ལྷོད་མི་བྱེད་པ་དང་ལྷོད་གཡེང་མི་བྱེད་པར་ནམ་ཡང་བརྗོད་དོན་སློབ་གསོ་ཏན་ཏན་ཏིག་ཏིག་གིས་སྤེལ་དགོས། ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་རྒྱུ་དང་ལག་བསྟར་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་དང་གནད་དོན་ལ་ལྟ་ཞིབ་བྱེད་པའི་ཕྱོགས་གལ་ཆེན་དུ་བརྩི་བ་དང་། རྒྱ་ཆེའི་ལས་བྱེད་པས་གཟུགས་ལྡན་དང་ཡང་ན་གཟུགས་མེད་ཀྱི་ཆབ་སྲིད་གྲུབ་འབྲས་བཟོ་སྐྲུན་དང་ཕྱི་ཚུལ་བཟོ་སྐྲུན་ཡོད་ཚད་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། དཔོན་པོ་གསར་བས་རྩིས་ཐོ་རྙིང་བར་ལྟ་ཞིབ་བྱེད་པ་དང་བསྐྱོད་ལམ་གསར་བ་ཧུར་ཐག་གིས་བསྐྱོད་ཐུབ་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་བརྗོད་དོན་སློབ་གསོའི་ལས་གཅིག་འགན་གཉིས་འགུལ་སྐྱོད་སྤེལ་བ་བརྒྱུད་དེ། གོང་རིམ་གྱིས་འོག་རིམ་གྱི་སྣེ་ཁྲིད་པ་དང་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོས་ཁྱེར་ཡོང་བའི་འགྱུར་ལྡོག་ཉམས་སུ་མྱོང་ཐུབ་པར་བྱེད་དགོས།

ཚོགས་ཐོག་ནས་ད་དུང་དོན་བྱ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།