ཞིང་ཆེན་སྲིད་གྲོས་ཀྱིས་ཝུའུ་ཐེན་དབྱི་ཡི《མཐོ་སྒང་དང་ཚོ་ནད་དེ་མིན་གཅིན་སྙི་ཟ་ཁུའི་ནད》ཅེས་པའི་བརྩམས་ཆོས་ཀྱི་བཞུགས་མོལ་བརྗེ་རེས་ཚོགས་འདུ་བསྡུས།
2023.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན།  ཞིང་ཆེན་སྲིད་གྲོས་ཀྱིས་ཡོན་ཧྲི་ཝུའུ་ཐེན་དབྱི་ཡི《མཐོ་སྒང་དང་ཚོ་ནད་དེ་མིན་གཅིན་སྙི་ཟ་ཁུའི་ནད》ཅེས་པའི་བརྩམས་ཆོས་ཀྱི་བཞུགས་མོལ་བརྗེ་རེས་ཚོགས་འདུ་བསྡུས།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།    ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཀྲང་ཞའོ་རོང་།  ལིའུ་ཏ་དབྱེ་བཅས་དང་།  དེ་མིན་ཞིང་ཆེན་སྲིད་གྲོས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན།   རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་ཁ་ཤས་ཚོགས་འདུར་ཞུགས།   ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་།  ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་ཤེས་རྒྱ་ཆེན་པོ་དང་རྣམ་འགྱུར་ནན་མོ།  བརྩེ་བ་ཟབ་མོས་མཐོ་སྒང་དུ་རྐང་བཙུགས་ཏེ་ཚོ་ནད་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་ཕན་ནུས་དང་། མཐོ་སྒང་བཟའ་བཏུང་གི་འཚོ་བཅུད་དང་རྙིང་ཚབ་གསར་བརྗེའི་ཐབས་ལམ་སོགས་ཀྱི་ཕྱོགས་ནས་མཐོ་སྒང་ཚོ་བྱང་གཞུང་ལུགས་དང་གསུང་རྩོམ་གྱི་གནས་ཚུལ་མཚམས་སྦྱོར་བྱས།   ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།   མཚོ་ཤར་གྲོང་ཁྱེར་སྲིད་གཞུང་།  ཞིང་ཆེན་མི་དམངས་སྨན་ཁང་།  ཞིང་ཆེན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་ཆེད་མཁས་པས་གཞུང་ལུགས་ཀྱི་རིན་ཐང་དང་ལག་ལེན་གྱི་རིན་ཐང་ལ་དམིགས་ཏེ་རང་རང་གི་དོན་དངོས་དང་སྦྲེལ་ནས་བརྗེ་རེས་གཏམ་བཤད་བྱས་ཏེ《མཐོ་སྒང་དང་ཚོ་ནད་དེ་མིན་གཅིན་སྙི་ཟ་ཁུའི་ནད》ཅེས་པའི་བརྩམས་ཆོས་ཀྱིས་མཐོ་སྒང་གི་ཁམས་གསོ་ལག་ལེན་ལ་གཞུང་ལུགས་ཀྱིས་མཛབ་སྟོན་བྱེད་པར་ཕན་ཡོད་གྲོས་གཞི་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་ཁྲོད་བསྟན་དོན།   ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་དངོས་ཡིན་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐོ་སྒང་ཁམས་གསོ་གསོ་རིག་བྱ་བ་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཤིག་ཀྱང་ཡིན།   《མཐོ་སྒང་དང་ཚོ་ནད་དེ་མིན་གཅིན་སྙི་ཟ་ཁུའི་ནད》ཅེས་པའི་བརྩམས་ཆོས་ཀྱིས་འཛམ་གླིང་གི་ཁྱབ་ཁོངས་སུ་མ་ལག་ལྡན་པའི་སྒོ་ནས་མཐོ་སྒང་ཚོ་བྱང་གཞུང་ལུགས་ཐོག་མར་བཏོན་པ་དང་།   རང་ཞིང་གི་མཐོ་སྒང་གསོ་རིག་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མཐོ་སྒང་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  ཉེ་བའི་ལོ་འགའི་རིང་ལ།   ཞིང་ཆེན་སྲིད་གྲོས་ཀྱིས་མཐོ་སྒང་ཁམས་གསོ་གསོ་རིག་དང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།   མཐོ་སྒང་གསོ་རིག་ཞིབ་འཇུག་གི་གྲུབ་འབྲས་རྒྱབ་བརྟེན་དུ་བྱེད་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་མཉམ་འབྲེལ་མིང་འགོད་ཇུས་གཞི་སྤྲོད་པ། ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུ་བ་དང་ཆེད་དོན་བརྟག་དཔྱད་རྩ་འཛུགས་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་འགན་སྒྲུབ་བྱ་འགུལ་སྤེལ་བ་དང་།   འབྲེལ་ཡོད་བརྟག་དཔྱད་སྙན་ཞུ་གྲུབ་པར་བྱས་ནས་རང་ཞིང་གི་མཐོ་སྒང་ཁམས་གསོ་ཐོན་ལས་འཕེལ་རྒྱས་ཐད་སྲིད་གྲོས་ཀྱི་དཔྱད་གཞི་འདོན་སྤྲོད་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་ཁས་ལེན་ཐོབ།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན།  མཐོ་སྒང་ཁམས་གསོ་གསོ་རིག་དང་ཐོན་ལས་འཕེལ་རྒྱས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཐད་ཐོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་།     ཆེད་དོན་མཐུན་སྦྱོར་སྡེ་ཁག་གི་བྱེད་ནུས་དང་དགེ་མཚན་འདོན་སྤེལ་བཟང་བོ་བྱེད་པ།   མཐོ་སྒང་ཁམས་གསོ་གསོ་རིག་དང་ཐོན་ལས་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་བསྡུས་བྱས་ཏེ་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ཐད་སྲིད་གྲོས་ཀྱི་རིག་སྟོབས་འབུལ་དགོས།    འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ།   གོ་སྐབས་བརྩོན་ལེན་བཅས་བྱས་ཏེ་མཐོ་སྒང་ཁམས་གསོ་གསོ་རིག་དང་ཐོན་ལས་འཕེལ་རྒྱས་བྱ་བ་བཟང་བོ་བསྒྲུབ་པ་དང་།   མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐད་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས།

                                                                                                                      ལྷ་མོ་ཚེ་རིང་གིས་བསྒྱུར།