ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། 
2023.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན།   ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས།   ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཀྲང་ཞའོ་རོང་།   ཐེན་ཁུའེ།   ལིའུ་ཏ་ཡེ་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་།    ཐེན་ཁུའེ་ཡིས་མིག་སྔར་གྱི་བརྟག་དཔྱད་ཞིབ་འཇུག་གནས་ཚུལ་མཚམས་སྦྱོར་བྱས།   ལིའུ་ཝུན་ཡུས་སོགས་ཨུ་ཡོན་གྱིས་གཏམ་བཤད་པ་དང་།   ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་ཉེར་གཅིག་པར་འགྲེམ་བྱས།   ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཨུ་ཡོན་རྣམས་ཀྱི་བསམ་འཆར་གྲོས་གཞིར་ལན་བཏབ།

ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན།    རང་ཞིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།   བྱེད་ཐབས་སྣ་མང་སྤྱད་དེ་ནུས་ཡོད་ཞབས་ཞུ་འདོན་སྤྲོད་བྱས་པས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་གནས་བབ་གཏན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་བ་སྲུང་འཛིན་བྱས་ཡོད་པར་འདོད།   བརྟག་དཔྱད་ཞིབ་འཇུག་ཁྲོད་རྙེད་པའི་ཉམས་ཞན་དུས་རིམ་ལ་དམིགས་ཏེ་ཨུ་ཡོན་རྣམས་ཀྱིས་བྱ་བའི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ།   བྱེད་ཐབས་སྣ་མང་སྤྱད་དེ་ལས་གནས་གཏན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་པ།   ལས་ཞུགས་མཛུབ་སྟོན་ལ་ཤུགས་བསྣན་ཏེ་གསོ་སྐྱོང་སྤུས་ཚད་མཐོར་འདེགས་གཏོང་བ།   དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ནས་ལས་ཞུགས་འདུ་ཤེས་བསྒྱུར་བ།   སྲིད་ཇུས་དོན་འཁྱོལ་བཟང་བོ་བྱས་ཏེ་ལས་སྐྲུན་ཕན་འབྲས་མཐོར་འདེགས་གཏོང་དགོས་པ་བཅས་ཀྱི་གྲོས་གཞི་བཏོན།

དབྱང་ཀྲི་ཝུན་གྱིས་གཏམ་བཤད་ཁྲོད་གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་།   རང་ཞིང་གི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་ངོ་སྤྲོད་བྱས།  ཁོས་ནན་གྱིས་བསྟན་དོན།    ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་།   བྱེད་ཐབས་རྒྱ་བསྐྱེད་དེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ།   ལས་ཞུགས་རོགས་སྐྱོར་གྱི་ཚད་མཐར་ཤུགས་སྣོན་པ།      བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱས་ནས་ཕན་ནུས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་རྣམས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན།   མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡུན་རིང་གི་བྱེད་ཐབས་ཤིག་ཀྱང་ཡིན།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་དང་པོས་དམངས་ཚིས་བརྗོད་དོན་དུ་བྱས་ཏེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་དམངས་ཀྱི་ཆེད་དུ་འགན་འཁྲི་ལག་བསྟར་བྱེད་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།     ཐེངས་འདིའི་གྲོས་མོལ་ཚོགས་འདུ་སྟེང་བརྟག་དཔྱད་ཞིབ་འཇུག་བྱས་པ་གཟབ་ནན་དང་གཏམ་བཤད་བརྗོད་དོན་འབུར་ཐོན།   གྲོས་མོལ་སྣང་ཚུལ་སྟུག་པར་མ་ཟད།  ཐུན་མོང་གི་ངོས་འཛིན་བཟང་བོ་ཐོབ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར།   ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།   མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བར་སྐུལ་འདེད་གཏོང་བར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།   གྲོས་མོལ་སྲིད་གླེང་དང་བློ་འདོན་ཇུས་འབུལ་བཟང་བོ་བྱེད་པ་བཅས་བྱས་ཏེ་རང་ཞིང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་སྤུས་ལེགས་ལས་ཞུགས་ལས་སྐྲུན་མངོན་འགྱུར་བྱེད་པར་སྲིད་གྲོས་ཀྱི་རིག་སྟོབས་འབུལ་དགོས།

                                                                                             ལྷ་མོ་ཚེ་རིང་གིས་བསྒྱུར།