ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་པེ་ཅིང་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་ཀྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞོས་ཞང་མཛད་སྒོར་ཞུགས་ནས་ཞུ་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་བ་ལས་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་པ་མངོན་པར་མཚོན་ཡོད། ཀྲུང་གོས་གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་མྱུར་མོར་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཡོད་རྒྱབ་རྟེན་འདོན་སྤྲོད་བྱེད་རྒྱུ་ཡིན་ཞིང་། ཚན་རྩལ་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་བྱེད་ནུས་མཐོར་འདེགས་གཏོང་རྒྱུ་ཡིན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་སྟོབས་ཤུགས་གཅིག་ཏུ་དྲིལ་ནས་ཚན་རྩལ་འགག་སྒྲོལ་བྱས་ཏེ་ཕྱོགས་ཡོངས་ནས་གསར་གཏོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ལ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སྐྱེད་དང་ཞིབ་འཇུག་གི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་དགོས། ཚན་རྩལ་སྒྲིག་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཤེས་བྱའི་ཐོན་དབང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་དགོས་ཟེར།
ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་འཛམ་གླིང་ཡོངས་ཀྱི་གསར་གཏོད་མཉམ་ལས་ནང་ཧུར་ཐག་སྒོས་ཞུགས་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་བར་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཟེར།
གླེང་སྟེགས་མགོ་བརྩམས་རྗེས། ཏེན་ཞུའེ་ཞང་གིས་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ཀྱི་མདུན་གྲལ་ལག་རྩལ་འགྲེམ་སྟོན་ལ་བལྟས་པ་དང་། ཚན་རྩལ་མི་སྣ་དང་གླེང་མོལ་བྱས།
རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མི་སྣ་དང་ཁེ་ལས་ཀྱི་འགན་ཁུར་བ། སྲིད་གཞུང་གི་དཔོན་རིགས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་མི་སྟོང་གཅིག་ཙམ་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་ཐབས་ཀྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།