རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁོང་གོ་ཅིན་གྱི་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་པ་དང་། མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཆི་སེ་ཁི་ཏིས་ཀྱི་ཐེངས་འདིའི་འཚམས་འདྲིར་མཐོང་ཆེན་བྱེད་པ་དང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ཇུས་གཞི་གསར་བ་འབྲི་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་ཅིན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཤིང་། ཆབ་སྲིད་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ལས་དོན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆུ་ཚད་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་ནི་ཀྲུང་གོ་དང་ཁོང་གོ་ཅིན་གྱི་ཆུ་ཚད་མཐོ་བའི་གྲོགས་པོའི་འབྲེལ་བའི་ཡོད་འོས་པའི་སྣང་ཚུལ་ཡིན་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁོང་གོ་ཅིན་གྱི་གྲོས་ཁང་བར་གྱི་བརྗེ་རེས་དཔེར་འཛིན་ལ་ཤུགས་སྣོན་བྱས་ནས། མཉམ་དུ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།
ཆི་སེ་ཁི་ཏིས་ཀྱིས་བསྟན་དོན། འདི་ནི་ངས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་སྤེལ་བའི་རླབས་ཆེན་འབད་འཐབ་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། ཁོང་གོ་ཅིན་གྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁོང་གོ་ཅིན་དང་ཀྲུང་གོའི་མི་དམངས་ཀྱི་ཕན་བདེ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།