རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་ཉེར་དྲུག་ཉིན་པེ་ཅིང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁོང་གོ་ཅིན་ནི་གྲོགས་པོ་དང་སྤུན་ཟླ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱོད་དང་མཉམ་དུ་གྲོས་མོལ་མཛད་ནས། མཉམ་དུ་ཀྲུང་གོ་དང་ཁོང་གོ་ཅིན་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་གཞི་གསར་བ་འབྲི་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་ཅིན་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཤིང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་གཙོར་བཟུང་སྟེ། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་སྲོལ་རྒྱུན་མཉམ་ལས་རྒྱ་བསྐྱེད་ནས། ཧུར་ཐག་སྒོས་ཞིང་ལས་དང་ནུས་ཁུངས་གསར་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གསར་བའི་འཕར་གནས་འཚོལ་ཞིབ་དང་གསོ་སྤེལ་བྱེད་འདོད་ཡོད། ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་ཁོང་གོ་ཅིན་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གིས་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཆི་སེ་ཁི་ཏིས་ཀྱིས་བསྟན་དོན། ན་ནིང་ནི་ཁོང་གོ་ཅིན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་ལྔ་བཅུ་འགོར་བའི་ལོ་ཡིན་པ་དང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལོ་ངོ་ལྔ་བཅུ་ཡིན། ཁོང་གོ་ཅིན་གྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་ཕྱོགས་ཀྱི་འཕེལ་རྒྱས་ཉམས་མྱོང་དཔེར་བཟུང་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གཞོམ་གཞིག་བྲལ་བའི་ཁོང་གོ་ཅིན་དང་ཀྲུང་གོའི་གྲོགས་པོའི་འབྲེལ་བ་གསར་བསྐྲུན་བྱས་ཏེ་ཁོང་གོ་ཅིན་དང་ཀྲུང་གོའི་འབྲེལ་བའི་ལོ་ངོ་ལྔ་བཅུ་གསར་བ་གསར་འབྱེད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།