ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་དང་ཉེར་དྲུག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེན་ཅིན་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་པར་སོང་སྟེ། ཡུལ་དངོས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐེན་ཅིན་ལག་ལེན་གྱི་སྔོན་ཐོན་འདུ་ཤེས་དང་གསར་གཏོད་ཉམས་མྱོང་ལ་སློབ་སྦྱོང་བྱས་པ་དང་། ས་ཁུལ་གཉིས་ཀྱི་མཉམ་ལས་བརྗེ་རེས་ཇེ་ཟབ་ཏུ་བཏང་སྟེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཆུ་ཚད་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་བཏང་།
ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཐེན་ཅིན་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེན་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་མེན་ཨར་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཐེན་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་གུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་ལས་ཟབ་མོར་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ《ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ཏེ་རོགས་སྐྱོར་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བའི་སྒྲོམ་གཞིའི་གྲོས་ཆོད》བཀོད།
ཁྲིན་མེན་ཨར་གྱིས་བཤད་རྒྱུར། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཐེན་ཅིན་དུ་རྟོག་ཞིབ་འབྲེལ་འདྲིས་དང་མཉམ་ལས་གྲོས་མོལ་བྱེད་པར་ཡོང་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་རེད། ང་ཚོས་བརྗེ་རེས་ཟབ་མོ་བྱས་པ་བརྒྱུད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་དང་ཐུན་མོང་ཕྱུག་སྒྱུར། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་བཅས་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་དང་ངོས་འཛིན་སྔར་ལས་ཟབ་མོ་བྱེད་ཐུབ་སོང་། མཚོ་སྔོན་གྱི་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐེན་ཅིན་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་ཡིན་ལ། ང་ཚོས་ངེས་པར་དུ་ཕྲག་ཏུ་ལེན་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རོགས་སྐྱོར་མཉམ་ལས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། ས་དེའི་དགོས་མཁོ་དང་ཐེན་ཅིན་གྱི་ནུས་པར་རྐང་བཙུགས་ནས། སྔར་ཡོད་ཀྱི་རྨང་གཞིའི་སྟེང་ཐེན་ཅིན་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་བསྟུད་མར་ཇེ་ཟབ་ཏུ་བཏང་སྟེ། བྱ་སྤྱོད་དངོས་ལས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ་མཚོན་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་རོགས་ལས་ལ་ཤུགས་བསྣན་ནས། སྐྱེ་ཁམས་བཅོས་སྐྱོང་དང་ཐུན་སྡུད་གསར་སྤེལ་མཉམ་ལས་མཉམ་དུ་སྤེལ་ཏེ། སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བླང་བྱ་ཞིབ་ཚགས་དང་གཟབ་ནན་གྱིས་དོན་འཁྱོལ་བྱེད་དགོས། དེང་རབས་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཚྭ་མཚོའི་ཐོན་ཁུངས་ཀྱི་སྲུང་སྐྱོབ་བེད་སྤྱོད་དང་དག་གཙང་ནུས་ཁུངས། རྩིས་ཤུགས། རིག་གནས་ཡུལ་སྐོར། དངོས་སྐྱེལ། ཁྱད་ལྡན་ཞིང་ཕྱུགས་ལས་སོགས་ཐོན་ལས་ཀྱི་མཉམ་ལས་བར་སྟོང་རྒྱ་བསྐྱེད་དེ། ཁྱད་སྟོབས་གསབ་རེས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། སྤྱི་ཚོགས་དམངས་ཚིས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་མཐུན་སྦྱོར་སྒོས་སྤེལ་བ་དང་། སློབ་གསོ་དང་སྨན་བཅོས་ཐད་ཚོགས་འཛུགས་རང་བཞིན་གྱི་རོགས་སྐྱོར་བྱེད་པར་ཤུགས་བསྣན་ཞིང་། ལས་རིགས་སློབ་གསོའི་གོང་འཕེལ་ལ་རོགས་འདེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། མི་སྣའི་འགྲོ་འོང་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་པ་དང་འཇོན་མི་བདམས་མངགས་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རོགས་སྐྱོར་བྱེད་པར་སྐུལ་སློང་རྒྱ་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཡར་སྐུལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོར་འཛུགས་དགོས་ཟེར།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཐེན་ཅིན་གྱིས་ལོ་མང་བོར་མཚོ་སྔོན་ལ་སེམས་ཤུགས་བཏོན་ནས་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་ཐེངས་བཞི་ལ་རྟོག་ཞིབ་གནང་ནས། ཐེན་ཅིན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་བསྟན་ཡོད་པ་དང་འཆར་གཞི་བཀོད་ཡོད། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་གྱི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་དམིགས་ནས། འགུལ་སྐྱོད་བཅུ་ལག་བསྟར་ཟབ་མོ་བྱས་ཏེ། སྤྱོད་ཚུལ་དངོས་ལས་ཐེན་ཅིན་གྱི་མ་འོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སློབ་སྦྱོང་གི་དོན་སྙིང་ཧ་ཅང་ཆེན་པོ་ལྡན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས། གསལ་སྟོན་གནང་བའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ལམ་བཅས་ལ་དམིགས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་འི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། ཁ་གཏད་རོགས་སྐྱོར་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཡིན་ལ། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལས་འགན་ཆེན་པོ་ཕྲག་ཏུ་བླངས་ནས། མི་སྣ་དང་རྒྱུ་ནོར། དངོས་རྫས་སོགས་ཐད་ནས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་པ་དེ་མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནམ་ཡང་སེམས་སུ་བརྟན་པོར་འཛིན་ངེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ང་ཚོར་ཐུན་མོང་གི་འགན་འཁྲི་ཡོད་པས། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བཞིན་པ་གོ་སྐབས་སུ་བརྩིས་ཏེ། ཐོན་ལས་མཉམ་ལས་དམངས་ཚིས་རོགས་སྐྱོར། རིག་སྟོབས་རྒྱབ་སྐྱོར་བཅས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། ཐེན་ཅིན་དང་མཚོ་སྔོན་གྱི་མཉམ་ལས་བརྗེ་རེས་ཀྱི་ལོ་རྒྱུས་གསར་པ་མུ་མཐུད་དུ་རྩོམ་དགོས་ཟེར།
ཐེན་ཅིན་དུ་རྟོག་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་པེན་ཧེ་ཁུལ་གསར་གྱི་མཛེས་སྡུག་པེན་ཧེ་མགྲོན་བསུ་ཁང་དང་ཐེན་ཅིན་བཙོག་འབུད་དབང་ཆ་ཉོ་ཚོང་ཁང་དུ་རྟོག་ཞིབ་བྱས།
ཐེན་ཅིན་གྲོང་ཁྱེར་གྱི་མགོ་ཁྲིད་ལེན་མའོ་ཅུན་དང་ཝང་ལིས་ཅུན། ཞེ་ཡོན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།