ཞི་ཅིན་ཕིང་གིས་ཁོང་གོ་ཅིན་གྱི་ཙུང་ཐུང་དང་གྲོས་མོལ་མཛད།
2023.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 170

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་དང་གྲོས་མོལ་མཛད། འདི་ནི་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་རྣམ་པ་རེད། 

ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་དང་གྲོས་མོལ་མཛད། 

ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཁོང་གོ་ཅིན་གྱི་ཙུང་ཐུང་ཆི་སེ་ཁི་ཏིས་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མཉམ་རྒྱལ་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་བཏང་བ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁོང་གོ་ཅིན་རྒྱལ་ཁབ་གཉིས་ཀྱི་བར་མི་རིགས་བཅིངས་འགྲོལ་ལས་འགུལ་བརྩོན་ལེན་དང་མི་སེར་སྤེལ་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་ལ། སེམས་གཏམ་བཤད་རེས་དང་དཔུང་བ་མཉམ་གཤིབ་ཀྱི་འཐབ་ཇུས་གྲོགས་པོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། ཀྲུང་གོ་བསྟུད་མར་ལོ་མང་བོར་ཁོང་གོ་ཅིན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་དང་ཆེས་ཆེ་བའི་ཕྱི་དངུལ་ཡོང་ཁུངས་སུ་གྱུར་ཡོད་ལ། ཕྱོགས་གཉིས་ཀྱིས་དམ་ཟབ་ཀྱི་ཁེ་ཕན་ཐུན་མོང་ཚོགས་པ་དང་ལས་སྐལ་ཐུན་མོང་ཚོགས་པ་བཙུགས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉམས་མྱོང་བཟང་བོ་ལས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པའི་དབང་ཆ་ཡོད་ལ་ནུས་པའང་ཡོད་པ་གསལ་བོར་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་ཅིན་བར་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཤིང་། འཕེལ་རྒྱས་དར་སྤེལ་གྱི་བགྲོད་ལམ་སྟེང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་བརྩོན་ལེན། འཕེལ་རྒྱས་སྐུལ་འདེད། ཐུན་མོང་གོང་སྤེལ་བཅས་བྱེད་འདོད་ཡོད། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཁོང་གོ་ཅིན་ལ་སྔར་ལས་མང་བའི་མཉམ་ལས་གོ་སྐབས་དང་རྒྱ་ཆེ་བའི་ཚོང་ར་འདོན་སྤྲོད་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་སྔར་ལས་ལྷག་པའི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་དུ་ཁོང་གོ་ཅིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་བྱེད་པ་དང་། ཁོང་གོ་ཅིན་གྱི་བཟོ་ལས་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཅིང་། ནུས་ཁུངས་དང་གཏེར་ཐོན། ཞིང་ལས། རྨང་གཞིའི་སྒྲིག་ཆས། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། གྲངས་ལྡན་དཔལ་འབྱོར་དང་སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ནས། ཁོང་གོ་ཅིན་ལ་ཞིང་ལས་ལག་རྩལ་གྱི་ཆེད་མཁས་པའི་ཚན་ཆུང་མངགས་འདོད་ཡོད། ཁོང་གོ་ཅིན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དག་ཁོང་གོ་ཅིན་དུ་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། འདྲ་མཉམ་དང་དྲང་བདེན། བདེ་འཇགས་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་ལས་དོན་ཁྲོད་ཁོང་གོ་ཅིན་བར་གྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་མཉམ་དུ་ལག་བསྟར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་གཅིག་འདུས་ཀྱི་སྐམ་ས་ཞིག་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་ནི་ལས་སྐལ་ཐུན་མོང་ཚོགས་པ་ཡིན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་སྔོན་གྱི་དུས་སྐབས་གང་ལས་ཀྱང་མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་དར་སྤེལ་བྱས་ཤིང་། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཨ་ཧྥེ་རི་ཁ་གླིང་སྒེར་ཚུགས་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་དེ་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། དཔལ་ཡོན་བཅས་ཀྱི་སྣེ་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རང་སྟེང་གི་འཕེལ་རྒྱས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་སྤུན་ཟླ་དག་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཏཱ་ཁཱ་ཨར་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་གི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱས་ནས། དུས་རབས་གསར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས།

ཆི་སེ་ཁི་ཏིས་ཀྱིས་བསྟན་དོན། ངས་ཁོང་གོ་ཅིན་གྱི་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་གོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་བདེ་བླག་ངང་བསྡུས་པར་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་བར་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་དུས་རབས་གསར་བའི་ནང་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད་ཟེར། དུས་རབས་ཕྱེད་ཀའི་རིང་ལ། ཁོང་གོ་ཅིན་དང་ཀྲུང་གོ་འི་མཛའ་མཐུན་མཉམ་ལས་ཀྱིས་དུས་ཚོད་ཀྱི་ཉམས་སད་ཐེག་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་དུ་གཅེས་སྤྲས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་ཁོང་གོ་ཅིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཁོང་གོ་ཅིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་གོ་ཅིན་གྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཐོན་ཁུངས། རྨང་གཞིའི་སྒྲིག་ཆས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཁོང་གོ་ཅིན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གཏན་འཇགས་དང་གསར་གཏོད་རང་བཞིན་ལྡན་པའི་ཁོང་གོ་ཅིན་དང་ཀྲུང་གོའི་འབྲེལ་བ་བཙུགས་ནས། རྒྱལ་ཁབ་གིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་དངུལ་གཏོང་དང་ལྷད་མེད་དཔལ་འབྱོར། གྲངས་ལྡན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁོང་གོ་ཅིན་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕིན་ལོས་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཁང་ནས་ཆི་སེ་ཁི་ཏིས་དང་ལྕམ་མོ་ཏན་ནེ་སི་རྣམ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་སྤེལ།

ཝང་དབྱི་སོགས་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།