ཀྲའོ་ལི་ཅི་ཡིས་འཁྱག་གླིང་གི་གྲོས་དཔོན་དང་གྲོས་མོལ་མཛད།
2023.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 77

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པས་འཁྱག་གླིང་གི་གྲོས་དཔོན་ཨོ་ཨར་མན་སུང་དང་གྲོས་མོལ་མཛད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་འཁྱག་གླིང་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་ལྷག་འགོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གཉིས་ཕན་དང་ཕན་ཚུན་བརྩི་འཇོག་གི་རྩ་དོན་གཞིར་བཟུང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་འཁྱག་གླིང་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆབ་སྲིད་སྒྲིག་ལུགས་མི་གཅིག་པ་དང་དཔལ་འབྱོར་གྱི་འཕེལ་རྒྱས་མི་འདྲ་བའི་རྒྱལ་ཁབ་གཉིས་བར་འཆམ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་མིག་དཔེ་ལྟ་བུར་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཁྱག་གླིང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་དེ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་པར་གཟེངས་བསྟོད་བྱེད་པ་དང་། འཁྱག་གླིང་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྨང་གཞིའི་སྟེང་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལྷག་བསམ་རྣམ་དག་གིས་བརྗེ་རེས་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་ཆེན་པོར་བསམ་བློ་གཏོང་འདོད་ཡོད། ཀྲུང་གོ་བསྟུད་མར་ལོ་ངོ་བཅོ་ལྔའི་རིང་འཁྱག་གླིང་གི་ཨེ་ཤ་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ད་ལོ་ནི་ཀྲུང་གོ་དང་འཁྱག་གླིང་བར་རང་དབང་ཉོ་ཚོང་གྲོས་ཆོད་བཀོད་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན། ཕྱོགས་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་སྐུད་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མཉམ་དུ་ལྷད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། དཔལ་ཡོན་དཔེར་འཛིན་ལ་ཡར་སྐུལ་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་འཁྱག་གླིང་གྲོས་ཁང་བར་མཛའ་མཐུན་འགྲོ་འོང་སྤེལ་བར་མཐོང་ཆེན་བྱེད་ཅིང་། ཕྱོགས་གཉིས་ཀྱིས་ཁྲིམས་འཛུགས་ལས་ཁུངས་བར་གྱི་རིམ་པ་སོ་སོའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ལྟ་རྟོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་རྒྱལ་ཁབ་གནས་ཚུལ་དང་འཕེལ་རྒྱས་བགྲོད་ལམ། ཕྱི་ཕྱོགས་སྲིད་ཇུས་བཅས་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས་དམངས་སེམས་གཅིག་མཐུན་ཡོང་བར་རོགས་འདེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར།

ཀྲའོ་ལི་ཅི་ཡིས་ད་རུང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་དང་རྒྱལ་ཡོངས་དམངས་ཆེན་ཁྲིམས་འཛུགས་བྱ་བར་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་དང་ལག་ལེན་མཚམས་སྦྱོར་བྱས།

ཨོ་ཨར་མན་སུང་གིས་བསྟན་དོན། ཀྲུང་གོར་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་དཔལ་ཡོན་ཡོད་པས། འཁྱག་གླིང་གིས་ཀྲུང་གོའི་བར་གྱི་རིག་གནས་བརྗེ་རེས་དང་དཔལ་ཡོན་དཔེར་འཛིན་ལ་ཤུགས་སྣོན་བྱེད་འདོད་ཡོད།

ཀྲུང་གོ་ནི་འཁྱག་གླིང་གི་ཨེ་ཤ་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ལྷད་མེད་ནུས་ཁུངས། ཡུལ་སྐོར། ནམ་ཟླའི་འགྱུར་ལྡོག གླིང་སྣེ་བྱང་མའི་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། འཁྱག་གླིང་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།