རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་སྡེ་སྡོད་རོགས་སྐྱོར་བྱ་བར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྔར་ལས་སྐུལ་འདེད་གཏོང་དགོས་ཞེས་བསྟན།
2023.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཧོན་ཞིན་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། སྡེ་བའི་ཏང་རྩ་འཛུགས་སྟོབས་ལྡན་དུ་བསྐྲུན་པ་དང་། སྡེ་བ་དར་རྒྱས་དང་མི་དམངས་ཕྱུག་པོར་གཏོང་བ། བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བྱེད་པ་དང་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་སོགས་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ། སྡེ་སྡོད་རོགས་སྐྱོར་བྱ་བར་འཕེམ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཧོན་ཞིན་གྱིས་ཉིན་དེར་ཧི་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་བསྡུས་པའི་རྒྱལ་ཡོངས་ཀྱི་སྡེ་སྡོད་རོགས་སྐྱོར་བྱ་བའི་སྐུལ་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད།

ཚོགས་འདུ་དེའི་སྟེང་དུ་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་རིམ་གསར་པའི་སྡེ་སྡོད་རོགས་སྐྱོར་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་བས། བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་སོང་ཡོད་པ་དང་། སློབ་གསོ་གསོ་སྦྱོང་སྔར་ལས་གཏིང་ཟབ་ཏུ་སྤེལ་ཡོད་ལ། འགན་འཁྲི་ལས་འགན་སྔར་ལས་ཇེ་གསལ་དུ་སོང་ཡོད་པ་དང་། དོ་དམ་འགན་སྲུང་སྔར་ལས་ཚད་ལྡན་དུ་གྱུར་ཡོད། རྒྱལ་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོ་འབུམ་གཉིས་དང་སྟོང་དགུ་དྲུག་བརྒྱ་དང་། སྡེ་སྡོད་བྱ་བའི་རུ་མི་འབུམ་ལྔ་དང་ཁྲི་དྲུག་སྟོང་གསུམ་གྱིས་གཞི་རིམ་དུ་རྐང་ཚུགས་པར་བྱས་ཏེ་འགན་འཁྲི་ནན་སྒྲུབ་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།

ཚོགས་འདུའི་སྟེང་དུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྡེ་སྡོད་ལས་བྱེད་པས་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་པའི་མཐའ་ཚད་བརྟན་སྲུང་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་པ་དང་། སྡེ་སྡོད་ལས་བྱེད་པས་དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་བསྟུད་མར་ཇེ་མང་དུ་གཏོང་བར་ཡར་སྐུལ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་ལ། སྡེ་སྡོད་ལས་བྱེད་པས་ཞིང་སྡེར་དེང་རབས་འཚོ་བའི་ཆ་རྐྱེན་ཕལ་ཆེར་ཚང་བར་སྐུལ་འདེདགཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་པ་དང་། སྡེ་སྡོད་ལས་བྱེད་པས་ཏང་གི་ཞིང་སྡེའི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་པར་ལྟ་སྐུལ་མཛུབ་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྡེ་སྡོད་རོགས་སྐྱོར་ནི་དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་འདེམ་བཀོལ་གྱི་ཚད་གཞི་དང་གོ་རིམ་གཟབ་ནན་དུ་བཏང་སྟེ། མི་སྣ་བརྗེ་སྤོར་གྱི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབ་དགོས། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གསོ་སྦྱོང་གི་ནང་དོན་ལེགས་སྒྱུར་བྱེད་པ། གསོ་སྦྱོང་གི་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་བྱས་ཏེ། སྡེ་སྡོད་ལས་བྱེད་པའི་འགན་སྒྲུབ་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས། ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་པ་དང་། རྗེས་སྙེག་དོ་དམ་དང་གནད་ཁེལ་དཔྱད་ཞིབ་བྱས་ཏེ། སྡེ་སྡོད་ལས་བྱེད་པས་གཟབ་ནན་སྒོས་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་དགོས། ཡར་སྐུལ་འགན་སྲུང་བྱེད་ཐབས་ལ་ཤུགས་བསྣན་ནས། རྒྱ་ཆེའི་སྡེ་སྡོད་ལས་བྱེད་པས་ལས་སྒྲུབ་ལས་བརྩོན་གྱི་སྤྲོ་སེམས་ཆེ་རུ་བསྐྱེད་དགོས། འགན་འཁྲི་ནན་དཀྲི་བྱེད་པ་དང་། རྩ་འཛུགས་དང་མགོ་ཁྲིད། མཛུབ་སྟོན། དྲིལ་སྒྲོག སྣེ་ཁྲིད་བཅས་ལ་ཤུགས་བསྣན་ནས། སྡེ་སྡོད་ལས་བྱེད་པ་འདེམ་མངགས་བྱ་བ་ནུས་ཤུགས་ཡོད་པ་དང་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱེད་དགོས།