མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་བྱེད་པར་སོང་།
2023.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་བྱེད་པར་སོང་བ་མ་ཟད། ཅི་ནན་ནས་ཧྲན་ཏུང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཧྲན་ཏུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིན་ཝུའུ་ཡིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲིག་ནའེ་ཞང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

ལིན་ཝུའུ་ཡིས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞིང་གི་ཚབ་བྱས་ནས། འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་བོར་ཧྲན་ཏུང་གི་བྱ་བར་རྒྱབ་སྐྱོར་བྱས་པ་དང་ཧྲན་ཏུང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་སེམས་ཁུར་གཟིགས་སྐྱོང་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཡིན་པ་དང་། ཞིང་ཆེན་གཉིས་ཀྱིས་བརྗེ་རེས་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྟེགས་བུ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཧྲན་ཏུང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ནས། གོ་རིམ་རྗེས་མའི་བྱ་བའི་ཐད་རྨང་གཞི་བཟང་བོ་བཏིངས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པ། བྱ་བར་འཆར་འགོད་དང་སྐུལ་འདེད་གཏིང་ཟབ་བྱེད་པ། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་དགོས། ང་ཚོས་མཚོ་སྔོན་དང་མཉམ་དུ། རྒྱལ་ཁབ་ཀྱི་འཐས་ཇུས་ཆེན་པོར་ཞབས་འདེགས་ཞུ་བའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་། རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་ཆེན་པོ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་མཉམ་དུ་ཤུགས་བཏོན་ནས། ལས་འགན་གཙོ་བོ་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ང་ཚོས་མཚོ་སྔོན་གྱི་དགོས་མཁོ་དང་ཧྲན་ཏུང་གི་ནུས་པར་རྐང་འཛུགས་པ་དང་། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། དམངས་ཚིས་འགན་སྲུང་། རིག་ནུས་ཀྱི་རོགས་སྐྱོར། འགྲོ་འོང་བརྗེ་རེས་མཉམ་བསྲེས་སོགས་བྱ་བ་གཙོ་བོ་སྤེལ་རྒྱུ་དམ་འཛིན་བྱས་ཏེ། བྱ་བའི་གནད་ཕིགས་ཀྱི་ཚད་དང་ཕན་འབྲས་རང་བཞིན་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ང་ཚོས་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་ལ་གཅིག་འདོམས་བྱེད་པར་ཤུགས་སྣོན་པ། བྱ་བའི་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་ཁག་ཐེག་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད་དེ། ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པ་དང་། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་བརྟན་པོ་ཡོད།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས། ཧྲན་ཏུང་གིས་ལོ་ངོ་མང་པོའི་རིང་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་བཞི་ལ་ཧྲན་ཏུང་དུ་གཟིགས་ཞིབ་མཛད་དེ། ཧྲན་ཏུང་གི་འཕེལ་རྒྱས་ཐད་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་། ཧྲན་ཏུང་གིས་སྔོན་དུ་བསྐྱོད་པ་དང་རྣམ་པ་གསར་བ་འབྱེད་པར་དམ་དུ་དམིགས་ནས། ཧུར་ཐག་གིས་དར་ཕྱུག་མཐོ་ལེགས་མཛེས་ལྔའི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་གོང་འཕེལ་ཆེན་པོ་སོང་ལ། གསར་རྙིང་སྒུལ་ནུས་སྒྱུར་སྤོར་ཐད་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱས་པ་དང་། ལྗང་མདོག་ཐཱན་དམའ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་པ་གསར་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་བྲིས། ཁ་གཏད་རོགས་སྐྱོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པ་དང་། ལོ་ངོ་མང་པོའི་རིང་ལ། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། རིག་ནུས་ཀྱི་རོགས་སྐྱོར་དང་ཐོན་ལས་ཀྱི་འཕེལ་རྒྱས། དམངས་ཚིས་ལེགས་སྒྱུར་སོགས་ཕྱོགས་ནས་ཕྱོགས་ཡོངས་ཀྱི་རོགས་སྐྱོར་སྤེལ་ནས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་མེས་རྒྱལ་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མྱོང་ཐུབ་པར་བྱས། མགོ་ཚུགས་ས་གསར་པའི་སྟེང་། ཕྱོགས་གཉིས་ཀྱིས་ད་ཡོད་ཀྱི་རྨང་གཞིའི་སྟེང་། ཐོན་ལས་དང་སློབ་གསོ། སྨན་བཅོས་སོགས་ཕྱོགས་ཀྱི་བརྗེ་རེས་མཉམ་ལས་སྔར་ལས་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་བ་དང་། རྨ་ཆུ་ལ་སྲུང་སྐྱོབ་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་དགོས།

ཧྲན་ཏུང་ལ་རྟོག་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྭ་ཞི་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་དང་ལང་ཁྲའོ་སྡེ་ཚོགས་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་བྱས།

ཧྲན་ཏུང་ཞིང་ཆེན་དང་ཅི་ནན་གྲོང་ཁྱེར་གྱི་མགོ་ཁྲིད་ཝང་ཡུས་ཡན་དང་ཀྲང་ཧའེ་པོ། སུང་ཅུན་ཅི། ཡུས་ཧའེ་ཐེན་དང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།