ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་གླེང་བ་ཞེས་པའི་དཔེ་དེབ་ཉེ་སྔོན་ཀྲུང་དབྱང་ཚད་ལྡན་ཡིག་ཆའི་པར་སྐྲུན་ཁང་གིས་པར་བསྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།
ཆེད་དོན་གསུང་འབུམ་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་སྐོར་གྱི་རྩོམ་ཡིག་གལ་ཆེན་ལྔ་བཅུ་བསྡུས་ཡོད་པ་དང་། དེའི་ནང་རྩོམ་ཡིག་སྐོར་ཞིག་ཐོག་དང་པོར་སྤེལ་བ་རེད།
ཚན་རྩལ་གྱི་རང་སྟོབས་རང་སྤེལ་ནི་རྒྱལ་ཁབ་སྟོབས་འབྱོར་དུ་འགྲོ་བའི་རྨང་གཞི་དང་བདེ་འཇགས་ཀྱི་གོ་གནད་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་བྱ་བར་མཐོང་ཆེན་བྱས་ཤིང་། གསར་གཏོད་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་བརྩི་བ་རྒྱུན་འཁྱོངས་དང་། ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེ་ཕྱོགས་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ། ཕྱོགས་ཡོངས་ནས་ཚན་རྩལ་གསར་གཏོད་བྱ་བར་འཆར་འགོད་བྱས་པ་དང་། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་མྱུར་དུ་སྐུལ་འདེད་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ཤུགས་སྣོན་བྱས་པས། གནད་འགག་གི་ལག་རྩལ་གཙོ་བོ་རེ་འགར་ཐོལ་བརྒལ་མངོན་འགྱུར་བྱུང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ལྡན་དུ་སོང་ནས། གལ་ཆེ་བའི་གསར་གཏོད་གྲུབ་འབྲས་འགྲན་བཞིན་དུ་བྱུང་བར་མ་ཟད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། གསར་གཏོད་རྣམ་པ་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་རྐང་བཙུགས་པ་དང་། འཛམ་གླིང་གི་གནས་བབ་ཆེན་མོ་དང་དུས་རབས་ཀྱི་རླབས་རྒྱུན་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་གོང་སྤེལ་ཁྲོད་ཀྱི་གོ་གནས་གལ་ཆེན་རྒྱས་བཤད་ཟབ་མོ་བྱས་ཡོད་པ་དང་། མ་ལག་ལྡན་པའི་སྒོ་ནས་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དམིགས་འབེན་དང་ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན། གཞི་རྩའི་རེ་བ་བཅས་རྒྱས་བཤད་བྱས་ཡོད་ལ། བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རེ་བ་གསར་བ་བཅས་རབ་དང་རིམ་པ་བཏོན་ནས། ང་ཚོས་ཚན་རིག་སློབ་གསོས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དང་འཇོན་མིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ། གསར་གཏོད་ཀྱིས་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་་གཏོང་བ་བཅས་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མྱུར་དུ་མངོན་འགྱུར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་འཛུགས་པ། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།
བསོད་ནམས་ཚེ་རིང་གིས་བསྒྱུར།