སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་བའི་གཞི་རྩའི་ལས་འགན་ནི་སློབ་པ་དང་བསམ་པ། བཀོལ་བ། ལག་བསྟར། རྟོགས་པ། ཡིད་ཆེས། འགུལ་སྐྱོད་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཡིན་པར་བསྟན།
དུས་རབས་གསར་བ་དང་བཞུད་ལམ་གསར་བའི་ཏང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ཤིང་། དངོས་གཉེར་དམ་འཛིན་དང་ཕན་འབྲས་བརྩོན་ལེན། གནད་དོན་གཙོར་འཛིན། དཀའ་ཁག་གདོང་བསུ་བཅས་ཀྱི་སྣང་ཚུལ་གསར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕན་འབྲས་བཟང་བོ་ཐོབ་པར་བྱེད་དགོས། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་ས་ཁུལ་ལ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གྲུབ་ཚུལ་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཡོད་ཅིང་། མིག་སྔར་ཀོང་ཏུང་གིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་ས་ཁུལ་གྱི་འཛུགས་སྐྲུན་དེ་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་ཆེན་མོར་བརྩིས་ནས་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་བསྐྱོད་བཞིན་ཡོད།
ད་ལོའི་ཟླ་བཞི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་དུ་ཕེབས། ཐེངས་འདིའི་རྟོག་ཞིབ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པའི་སྐབས་ལ་འཁེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་བྱས་ནས་བླ་སྲོག་བསྐྲུན་པ་དང་། སློབ་སྦྱོང་བྱས་ནས་རིག་སྟོབས་འཕེལ་བ། སློབ་སྦྱོང་བྱས་ནས་སྲོལ་བཟང་ཆགས་པ། སློབ་སྦྱོང་བྱས་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ལ་སྣེ་ཁྲིད་བྱེད་པའི་ཤུགས་བསྐྱེད་ནས་ཕན་འབྲས་ཐོན་པར་བྱེད་དགོས་པར་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ཀོང་ཏུང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་འཕེལ་རྒྱས་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་ས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་འབྲས་ཐོབ་པར་བྱེད་བཞིན་ཡོད།
ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པ་ནི་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་ཡིན། མིག་སྔར། ཀོང་ཏུང་གིས་ཞང་ཀང་དང་ཨོ་མིན་བར་གྲོགས་ལས་བྱས་ཏེ། མཚོ་ཁུགས་ཆེན་མོ་ས་ཁུལ་གྱི་ཚད་རྡུལ་ཚན་རིག་ལྟེ་གནས་དང་རྒྱལ་ཁབ་དངོས་བཀོལ་གྲངས་རིག་ལྟེ་གནས་སོགས་གསར་གཏོད་སྟེགས་བུ་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱས་ནས། ཚན་རིག་ཞིབ་འཇུག་དང་ཐོན་ལས། ལག་རྩལ། དངུལ་ལོར་སོགས་ཚན་རྩལ་གསར་གཏོད་ཐོན་ཁུངས་དག་མཚོ་ཁུགས་ཆེན་མོ་ས་ཁུལ་དུ་གཅིག་འདུས་བྱེད་པར་སྐུལ་འདེད་བཏང་།
ད་ལྟ་མཚོ་ཁུགས་ཆེན་མོ་ས་ཁུལ་གྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་ལ། འཕེལ་རྒྱས་ལ་མཐུན་སྦྱོར་བྱས་ནས་འདྲིལ་ཤུགས་ཆེན་པོ་ཐོན་བཞིན་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་སྣེ་ཁྲིད་པ་དང་སྔོན་བསྐྱོད་པ། ཚོད་ལྟའི་ས་ཁུལ་བཅས་ཡིན་པའི་ཆ་ནས། ཀོང་ཏུང་གིས་སློབ་སྦྱོང་དང་རྟོག་ཞིབ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་ཡོངས་འགྲུབ་བྱེད་པའི་ལས་འགན་སོ་སོའི་ཁྲོད་དངོས་འབེབས་བྱས་ཏེ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།