པེ་ཅིང་དང་མཚོ་སྔོན་གྱི་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་བསྡུས།
2023.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན། པེ་ཅིང་དང་མཚོ་སྔོན་བྱ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་དབྱིན་ཡུང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་གྲོང་ཁྱེར་དང་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ནས་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱས་ནས་རྒྱབ་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད།

དབྱིན་ལིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་པེ་ཅིང་གྲོང་ཁྱེར་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། པེ་ཅིང་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་མངོན་པར་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་ལ་དམིགས་པ། བྱེད་ཐབས་གནད་ལ་འཁེལ་བ་སྤྱད་དེ། སེམས་ཤུགས་ཡོད་ཚད་བཏོན་ནས་རོགས་སྐྱོར་མཉམ་ལས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། གཙོ་གནད་ཁྱབ་ཁོངས་དང་གནད་འགག་དུས་རིམ་ལ་དམ་དུ་དམིགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གཙི་ཐིག་ཏུ་བྱེད་པ་དང་། ཐོན་ལས་ལས་ཞུགས་ཀྱི་རོགས་སྐྱོར་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་རྒྱབ་རྟེན་དུ་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་རྒྱུ་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་འགོ་ཚུགས་ས་དང་རྐང་འཛུགས་ས་རུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། པེ་ཅིང་དང་མཚོ་སྔོན་གྱི་རོགས་སྐྱོར་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱོགས་ཡོངས་དང་ཁྱབ་ཁོངས་སོ་སོའི་པེ་ཅིང་དང་མཚོ་སྔོན་གྱི་བྱ་བ་སྤེལ་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་ཁུལ་ཁོངས་མཉམ་ལས་ཀྱི་དཔེ་སྟོན་དཔེ་གཞི་གསར་སྐྲུན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། དག་གཙང་ནུས་ཁུངས་དང་ཐཱན་མེད་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་དགོས། ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཞིབ་སྤེལ་གྲུབ་འབྲས་སྔར་ལས་མང་པོ་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། པེ་ཅིང་དུ་ཡོད་པའི་ཁེ་ལས་མཚོ་སྔོན་གྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། མཚོ་སྔོན་གྱི་ཁེ་ལས་ཀྱིས་པེ་ཅིང་གི་ཁུལ་གཉིས་དང་སྟེགས་བུ་གསུམ་གྱི་གོ་སྐབས་བཀོལ་སྤྱོད་བྱེད་དགོས། ཚོང་རའི་འཛད་སྤྱོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་པེ་ཅིང་གི་ཚོང་ར་རུ་འཇུག་པར་རྒྱབ་སྐྱོར་བྱེད་དགོས། རིག་གནས་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་རབ་མཛེས་མཚོ་སྔོན་དུ་ལྟ་སྐོར་ཡུལ་སྐོར་དུ་ཡོང་བར་སྣེ་ཁྲིད་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྐྱེན་སྲོལ་གསར་གཏོད་དང་འགན་འཁྲ་གཏན་ཁེལ། སྤྱོད་ཚུལ་བཟང་བོར་བརྟེན་ནས་རོགས་སྐྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་རོགས་སྐྱོར་ཚན་རིག་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། པེ་ཅིང་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་པེ་ཅིང་ལ་ལོ་ངོ་མང་པོར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་པེ་ཅིང་དང་འབྲེལ་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། མི་གཞུང་པེ་ཅིང་དང་ཚན་རྩལ་པེ་ཅིང་། ལྗང་མདོག་པེ་ཅིང་གི་འཐབ་ཇུས་དང་། པེ་ཅིང་དང་ཧི་ནན་ཞིང་ཆེན་དང་ཧི་པེ་ཞིང་ཆེན་གསུམ་གྱི་མཉམ་ལས་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས། དུས་རབས་གསར་བའི་རྒྱལ་ས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གཅིག་གྱུར་འགོ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རྡེའུ་ལྔའི་མཉམ་འབྲེལ་ཞབས་ཞུ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པའི་རེ་བ་བཏོན་ལ། ལོ་བཅོ་ལྔར་མདུན་བལྟ་བྱེད་པ་དང་ལོ་སྔོན་མ་ལྔ་གཙིགས་སུ་འཛིན་པ། ལོ་རེ་རེར་བྱ་བ་བཟང་བོར་བསྒྲུབ་ནས་བསྐྱོད་ལམ་གསར་བའི་སྟེང་ཧུར་ཐག་གིས་མདུན་གྲལ་དུ་བསྐྱོད་པའི་འབོད་སྐུལ་བཏང་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་མིག་དཔེ་བཏོན། མཚོ་སྔོན་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དུ་མདུན་སྐྱོད་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ཚད་མཐའ་བརྟན་སྲུང་བྱེད་པ། ལམ་བུ་གསར་བར་བསྐྱོད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དམིགས་འབེན་དུ་བྱེད་པ། ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་པར་རིས་འཆར་གཞི་གོམ་པ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལོ་ངོ་བཅུ་གསུམ་རིང་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དེས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ནམ་ཡང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དུ་བརྩི་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཐད་ནས་ལེགས་འདེམ་གདམ་མངག་བྱས་པ་དང་། མ་དངུལ་བཀོད་སྒྲིག་ཐད་ནས་གཙོར་བཟུང་ནས་བྱིན་ལ། ལས་གཞི་འཛུགས་སྐྲུན་ཐད་ནས་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། པེ་ཅིང་གི་སྟོབས་ཤུགས་ཀྱིས་མཐོ་སྒང་གི་བུ་དང་བུ་མོའི་ཡིད་ཆེས་ཇེ་བརྟན་དུ་བཏང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དེ་གོ་སྐབས་སུ་བརྩིས་ནས། ཐོན་ལས་དང་སྐྱེ་ཁམས། སློབ་གསོ། སྨན་བཅོས་སོགས་ཕྱོགས་ནས་བརྗེ་རེས་གཏིང་ཟབ་བྱེད་པ་དང་། པེ་ཅིང་དང་མཚོ་སྔོན་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན།

པེ་ཅིང་གྲོང་ཁྱེར་གྱི་འགོ་ཁྲིད་ཞ་ལེན་མའོ་དང་ཀྲའོ་ལེ། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།