མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.05.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་བདུན་པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་ཆེན་མོ་བསྡུས་ལ། ཉེ་དུས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་རུ་གཟིགས་ཞིབ་མཛད་པ་མ་ཟད་མགོ་འཛིན་མཛད་དེ་པེ་ཅིང་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར། ཧི་པེ་ཞིང་ཆེན་བཅས་ཀྱི་མཉམ་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་བསྡུས་སྐབས་དང་། ཧྲན་ཞི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་སྐབས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་སྐབས་དང་པོ། ཀྲུང་དབྱང་སྐབས་ཉི་ཤུ་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་སྡེ་བ་སྟོང་ཁྲིའི་བཟོ་སྐྲུན་གྱི་རྟོག་ཞིབ་སྙན་ཞུ་ལ་ཉན་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་གླེང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་འབྲེལ་ཡོད་ནང་དོན་སློབ་སྦྱོང་ཟབ་མོ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྣམ་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱེད་པ། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་ཀྱི་གནད་དོན་གཙོ་བོར་དམིགས་ནས་སྲིད་ཞབས་བློ་འདོན་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་ཁྲོད་འདྲེས་པར་བྱེད་པ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།

གྲོས་ཚོགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཏང་གཤིས་བརྟན་པོ་ཇི་ལྟར་མངོན་པར་བྱེད་པ་དང་སྦྱོང་བརྡར་བྱེད་པ་བརྗོད་སྙིང་དུ་བྱས་པ་དང་། རྩ་འཛུགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་ཆེན་མོ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་སྐོར་ཞིག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སྐོར་ཞིག་གི་ཏང་ཙུའུ་ཧྲུའུ་ཅི་དང་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མིས་བརྗོད་དོན་སློབ་གསོར་དམིགས་ནས་སྔ་གཞུག་ཏུ་གཏམ་བཤད། ཁོངས་མི་གཞན་པས་ཡིག་ཐོག་གཏམ་བཤད་ཀྱི་རྒྱུ་ཆ་སྤྲད། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྲིད་གྲོས་ཀྱི་འགན་ནུས་ནུས་པ་འདོན་སྤེལ་བྱེད་པ། ཏང་གཤིས་ཐད་ན་གནས་པའི་གནད་དོན་བརྟག་བཤེར་བྱེད་པ་སོགས་ཕྱོགས་ནས། བརྗོད་དོན་སློབ་གསོའི་བྱ་བ་བཟང་བོར་བསྒྲུབ་པར་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་ཡིག་ཐོག་ནས་ཞིང་ཆེན་སྲིད་གྲོས་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཕྱི་རུ་སློབ་སྦྱོང་དང་ལྟ་ཞིབ་བྱེད་པར་སོང་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་པད་ཁོ་དང་རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ཐེན་ཁུའེ། ལིའུ་ཏ་ཡེ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས།