ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་འགོ་ཁྲིད་དེ། སྔ་གཞུག་ཏུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་བཅས་ལ་སོང་ནས་སྦྲེལ་མཐུད་བྱ་བའི་སྙན་ཞུ་ཕུལ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཀྲིན་ཧྲན་ཅེ་དང་། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཐང་རིན་ཅན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ)ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀོན་ཀྲི་ཨོ་དང་འབྲེལ་ཡོད་འགོ་ཁྲིད་བཅས་གྲོས་མོལ་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར་མཚོ་སྔོན་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་སྒུལ་ཤུགས་ཆེན་པོ་རུ་བརྩི་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཆ་ཚང་དང་ཡང་དག་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རྒྱུན་མཐུད་ངང་གསར་སྐྲུན་བྱེད་པ། ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་བསྒྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། རེ་བ་ཡིན་ན་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གིས་སྲིད་ཇུས་དང་ལས་གཞི། མ་དངུལ་སོགས་ཕྱོགས་ནས་མཚོ་སྔོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཙོ་གནད་ལས་འགན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་བྱེད་རྒྱུ་ཡིན།
ཀྲིན་ཧྲན་ཅེ་དང་ཐང་རིན་ཅན། ཀོན་ཀྲི་ཨོའུ་བཅས་ཀྱིས་མཚོ་སྔོན་གྱི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རྒྱབ་སྐྱོར་བྱེད་དགོས་པའི་དོན་བྱར་ཨ་ལན་བྱིན། ཁོ་ཚོས་བསྟན་དོན། མཚོ་སྔོན་གྱི་རྒྱལ་ཡོངས་ཀྱི་སྤྱི་ཡོངས་བྱ་བའི་ཁྲོད་ཀྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་གོ་གནས་ཧ་ཅང་གལ་ཆེ་བ་དང་། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྦས་ཤུགས་ཧ་ཅང་ཆེ་བ་དང་མདུན་ལྗོངས་རྒྱ་ཆེ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། མཚོ་སྔོན་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་རེ་བར་བསམ་གཞིགས་གང་ལེགས་གཏོང་བ། མཉམ་ལས་མཉམ་འགུལ་སྔར་ལས་ཇེ་དྲག་ཏུ་གཏོང་བ། པུའུ་དང་ཞིང་ཆེན་གྱི་མཉམ་ལས་ལ་ཤུགས་སྣོན་པ། སྟོབས་ཤུགས་སྔར་ལས་ཆེན་པོ་དང་བྱེད་ཐབས་སྔར་ལས་བཟང་བོས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་རོགས་འདེགས་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། ལིའུ་ཐོ། ལིས་ཞའོ་ནན་བཅས་སོ་སོར་འཚམས་འདྲིར་ཞུགས།
རིན་ཆེན་མཚོས་བསྒྱུར།