ཏིང་ཞུའེ་ཞང་གསར་སྤེལ་དངུལ་ཁང་གསར་བའི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
2023.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་ལྔ་པའི་ཚེས་སུམ་ཅུའི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཧྲང་ཧེ་ནས་གསར་སྤེལ་དངུལ་ཁང་གསར་བའི་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་འཚོག་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཏིང་ཞུའེ་ཞང་གིས་བསྟན་དོན། གསར་སྤེལ་དངུལ་ཁང་གསར་བ་ནི་གསེར་གྱོམ་མཉམ་ལས་ཀྱི་རྡོ་རིང་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་བཞི་པའི་སྟེང་། གསར་སྤེལ་དངུལ་ཁང་གསར་བ་སྟོབས་ལྡན་ཡར་འཕེལ་གཏོང་བ་དང་། ཁོངས་མི་གསར་བ་བརྟན་བརླིང་ངང་བསྡུ་ལེན་བྱེད་དགོས་ཞེས་བསྟན། ཀྲུང་གོ་སྲོལ་གཏོད་ཁོངས་གཏོགས་རྒྱལ་ཁབ་དང་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། ནམ་ཡང་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དང་མཉམ་དུ། གསར་སྤེལ་དངུལ་ཁང་གསར་བ་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པ་དང་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཕྱོགས་སོ་སོའི་ཐུན་མོང་གི་འབད་འཐབ་འོག གསར་སྤེལ་དངུལ་ཁང་གསར་བའི་ལས་སྒོ་རྒྱུན་མཐུད་ངང་རྒྱ་སྐྱེད་པ་དང་། སྐོར་ཐེངས་དང་པོའི་ཁོངས་གཏོགས་རྒྱལ་ཁབ་ཁ་སྣོན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་ལ། རྒྱལ་སྤྱིའི་ཤན་ཤུགས་རིམ་པ་བཞིན་ཇེ་བརྟན་དུ་སོང་ནས། ཕྱོགས་མང་གསར་སྤེལ་ལས་ཁུངས་ཀྱི་གསར་དར་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།

ཏིང་ཞུའེ་ཞང་གིས་གསར་སྤེལ་དངུལ་ཁང་གསར་བས་སྒོ་འབྱེད་བཟོད་སྒོམ་དང་མཉམ་ལས་མཉམ་རྒྱལ་ཀྱི་གསེར་གྱོམ་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་དུས་རབས་གསར་བ་བསྐྲུན་རྒྱུའི་རེ་བ་བཏོན། གཅིག་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་འདོན་མཉམ་ལས་ཁྲོད་ཞུགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2023ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མྱུར་དུ་ལག་བསྟར་བྱེད་པ། གཉིས་ནས་འཛམ་གླིང་ཡོངས་འཕེལ་རྒྱས་སུ་གཏོང་བའི་གྲོགས་པོའི་འབྲེལ་བ་ཟབ་བསྒྱུར་བྱས་ཏེ། འདོད་བློ་མཐུན་པའི་གྲོགས་པོ་དེའི་ཁྲོད་ཞུགས་པར་གདན་ཞུ་བྱེད་པ། གསུམ་ནས་དེང་རབས་ཅན་གྱི་རྨང་གཞི་སྒྲིག་ཆས་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་བྱས་ནས་སྲོལ་རྒྱུན་གྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། རིགས་གསར་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཞི་ནས་དངུལ་གཏོང་དང་དངུལ་བསྲེས་ཀྱི་རྣམ་པ་གསར་གཏོད་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ་དང་། དངུལ་བསྲེས་ལམ་བུ་རྒྱ་སྐྱེད་དེ། ཕྱོགས་མང་གསར་སྤེལ་དངུལ་ཁང་དང་ཚོང་ལས་དངུལ་ཁང་སོགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ། ལྔ་ནས་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོ་ལ་ཧྲིལ་བོའི་ལས་དོན་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་སྨྲ་བརྗོད་དབང་ཆ་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས།

ལོ་ཚོགས་འགོ་མ་བརྩམས་གོང་ལ། ཏིང་ཞུའེ་ཞང་གིས་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ལའོ་སའེ་ཧྥུའུ་ལ་ཐུག་འཕྲད་གནང་བ་དང་། ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་མཉམ་ལས་གནས་བབ་དང་གསར་སྤེལ་དངུལ་ཁང་གསར་བའི་ནུས་པ། ཀྲུང་གོ་དང་གསར་སྤེལ་དངུལ་ཁང་གསར་བའི་མཉམ་ལས་སོགས་ལ་དམིགས་ནས་བརྗེ་རེས་བྱས། དེའི་རྗེས། ཏིང་ཞུའེ་ཞང་དང་འགོ་རྩོམ་མཛད་སྒོར་ཞུགས་པའི་ཕྱི་ཕྱོགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་མཉམ་པར་བསྐྱོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་གོང་གི་བྱ་འགུལ་ལ་ཞུགས།


རིན་ཆེན་མཚོས་བསྒྱུར།