ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས།
2023.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་རྙོག་འཛིང་དང་ཛ་དྲག་གི་གནས་བབ་ལ་གོ་བ་ཟབ་མོ་ལེན་པ། རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། བདེ་འཇགས་ཀྱི་ཆགས་སྟངས་གསར་བས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་འགན་སྲུང་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་བདེ་འཇགས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལིས་ཆང་དང་། ཀྲའོ་ལི་ཅི། ཚའེ་ཆི་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་པ་མ་ཟད་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་བཏང་ལ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སྒྲིག་གཞི་དང་ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་བདེ་འཇགས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་ཕན་ལྡན་འཁོར་རྒྱུག་བྱེད་པ་མངོན་འགྱུར་བྱས་པ་དང་། ས་གནས་ཏང་ཨུའི་རྒྱལ་ཁབ་བདེ་འཇགས་མ་ལག་རྒྱལ་ཡོངས་སུ་ཧ་ལམ་ཁེབས་པར་བྱས་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་བརྟན་སྲུང་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་ང་ཚོའི་མདུན་དུ་ལྷགས་པའི་རྒྱལ་ཁབ་བདེ་འཇགས་གནད་དོན་གྱི་རྙོག་འཛིང་ཚད་རིམ་དང་དཀའ་ཁག་ཚད་རིམ་མངོན་གསལ་སྒོས་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་ཁབ་བདེ་འཇགས་འཐབ་ཕྱོགས་ཀྱིས་འཐབ་ཇུས་རང་རྟོན་འཇུགས་པ་དང་ངེས་རྒྱལ་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རང་སྟེང་གི་དགེ་མཚན་དང་ཕན་ཡོད་ཆ་རྐྱེན་མཐོང་ཐུབ་པར་བྱེད་དགོས། ཚད་མཐའ་བསམ་བློ་དང་མཐར་ཐུག་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཉམས་སད་གལ་ཆེན་ཐེག་མྱོང་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་གྱི་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། དངོས་འཐབ་གོ་ཆོད་དང་མངོན་གསལ་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། མཉམ་ལས་ཕན་ལྡན་དང་ཁྲིམས་སྐྱོང་བསམ་བློ། ཚན་རྩལ་ནུས་འདོན། གཞི་རིམ་གྱི་རྨང་གཞི་གཙིགས་འཛིན་བྱས་ཏེ། ཕྱོགས་སོ་སོའི་འཛུགས་སྐྲུན་ཕན་ཡོད་སྦྲེལ་མཐུད་དང་མཉམ་འགུལ་ལེགས་བསྡུས་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་བསྟན་དོན། བདེ་འཇགས་ཀྱི་ཆགས་སྟངས་གསར་བས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་འགན་སྲུང་བྱེད་པ་དང་། རང་འགུལ་གྱིས་རང་ཉིད་ལ་ཕན་པ་ཡོད་པའི་ཕྱི་ཕྱོགས་ཀྱི་བདེ་འཇགས་ཁོར་ཡུག་བཟོ་སྐྲུན་བྱེད་པ། སྒོ་འབྱེད་བདེ་འཇགས་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་གཉིས་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་བྱེད་ཐབས་དང་རྣམ་པ་བསྒྱུར་བར་སྲུང་སྐྱོབ་དང་བཟོ་སྐྲུན་བྱེད་པ་དང་། གཞུང་ལུགས་ཀྱི་སྣེ་ཁྲིད་གསར་གཏོད་བྱེད་པ། སྟོབས་ཤུགས་ཀྱི་གྲུབ་ཚུལ་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་ནུས་འདོན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁར་ཁ་གཏད་འཇལ་བའི་ཕྱོགས་བསྡུས་གཟུགས་ཕུང་འཐུས་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་སྔོན་བརྡ་བཏང་ནས། མཉམ་སྡེབ་བྱ་བ་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཁབ་བདེ་འཇགས་བྱ་བའི་ཐད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་དྲ་རྒྱའི་གཞི་གྲངས་ཀྱི་མིས་བཟོས་རིག་ནུས་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ། རྒྱལ་ཁབ་བདེ་འཇགས་ཉེན་ཁའི་ལྟ་ཞིབ་སྔོན་བརྡ་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་བདེ་འཇགས་སློབ་གསོར་ཤུགས་སྣོན་པ་སོགས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས།

ཚོགས་ཐོག་ནས་རྒྱལ་ཁབ་བདེ་འཇགས་ཉེན་ཁ་ལྟ་ཞིབ་སྔོན་བརྡ་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་དང་རྒྱལ་ཁབ་བདེ་འཇགས་སློབ་གསོར་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི་སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་ ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།


རིན་ཆེན་མཚོས་བསྒྱུར།