ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་ཅ་ཞིས་གཞུང་ལམ་བཟོ་སྐྲུན་ལས་ཡུལ་དུ། འཛུགས་སྐྲུན་མི་སྣས་འཆར་གཞི་ལྟར་ལས་གཞིའི་རྣམ་གྲངས་མྱུར་དུ་ལེགས་འགྲུབ་བྱས་ནས། རླངས་འཁོར་ཤར་གཏོང་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད། ཞིང་སྡེ་དང་འབྲེལ་བའི་གྲོང་གསེབ་ཀྱི་གཞུང་ལམ་སྟེང་། སྒེར་གཏོང་ཡུལ་སྐོར་རླངས་འཁོར་དང་། འགྲིལ་བ་དང་དངོས་ཟོག་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྲོག་རྩ་སྟོབས་ལྡན་པ་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་བསླབས་ནས་ལས་སྒྲུབ་ལ་སྐུལ་བ་དང་། ལས་སྒྲུབ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་འགྲིམ་འགྲུལ་དང་། གྲངས་ལྡན་འགྲིམ་འགྲུལ་སོགས་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་ལག་ལེན་གྱི་གཞི་འཛིན་ས་བྱས་ནས། བརྗོད་དོན་སློབ་གསོས་གྲུབ་འབྲས་ངོ་མ་ལོན་པར་ཁག་ཐེག་བྱས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་གཞུང་ལུགས་སློབ་སྦྱོང་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་འཆར་གཞི་གཏན་འབེབས་དང་སློབ་སྦྱོང་གི་ནང་དོན་ཇེ་ཞིབ་དུ་བཏང་བ་དང་། དུས་བཅད་ལྟར་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་བགྲོ་གླེང་སྤེལ་ནས། སློབ་སྦྱོང་གི་གྲུབ་འབྲས་བཀོལ་སྤྱོད་གང་ལེགས་བྱས། ཏང་རྩ་འཛུགས་ཀྱིས་རིགས་སོ་སོའི་བརྗོད་དོན་ཏང་འཛུགས་བྱ་འགུལ་སྤེལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཏང་ཡོན་ལས་བྱེད་པ་དང་ན་གཞོན་ལས་བཟོ་བས་འགན་སྒྲུབ་ཡག་པོ་དང་། ཁག་ཁུར་གྱི་སྤོབས་པ་ཡོད་པར་སྣེ་ཁྲིད་བྱས། གནས་ཚུལ་ངོ་མར་རྒྱུས་ལོན་དང་། བྱ་བའི་གཙོ་གནད་དང་དཀའ་གནད་འཚོལ་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་ཏང་ཙུའུ་ཁོངས་མིས་རྟོག་ཞིབ་བྱ་གཞི་དགུ་ངོས་ལེན་བྱས་པ་དང་། ཐིན་གྱི་ཁོངས་གཏོགས་ལས་ཁུངས་སོ་སོས་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་རྟོག་ཞིབ་ལས་དོན་གང་མང་སྤེལ་ནས་རྟོག་ཞིབ་འཆར་གཞི་བཀོད། རྟོག་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཁ་གཏད་ནས། གནད་དོན་གསལ་ཐོ་དང་། འོས་འགན་གསལ་ཐོ། ལས་འགན་གསལ་ཐོ་བཅས་གྲུབ་པར་བྱས་ཏེ། ཐག་གཅོད་བྱེད་ཐབས་དང་། འགན་ཁུར་ལས་ཁུངས། འགན་ཁུར་མི་སྣ་དང་ལེགས་འགྲུབ་དུས་ཡུན་བཅས་རེ་རེ་བཞིན་བཏོན། ཁེ་ལས་ཞེ་བདུན་གྱིས་བཏོན་པའི་འགག་རྩའི་དཀའ་གནད་དྲུག་ཅུ་ཙམ་ཡོད་ལ། དེའི་ནང་གི་གནད་དོན་ཉེར་གཉིས་ཐག་བཅད་ཟིན།

སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམིགས་ཏེ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་གནད་དོན་དག་ཐེར་བྱེད་པའི་རྐང་འཛུགས་ས་ཡང་དག་བཙལ་ནས། དམངས་ཚིས་ལས་གཞིའི་གསལ་ཐོ་ཕྱིར་བཏོན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། ཉེན་ཁ་ཅན་གྱི་ཟམ་པ་བསྐྱར་བསྐྲུན་བྱེད་པ་དང་། སྡེ་བའི་གཞུང་ལམ་གྱི་བདེ་འཇགས་འགོག་རྐྱེན་བཅོས་སྐྱོང་བྱེད་པ་སོགས་ཀྱི་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་པའི་དམངས་ཚིས་དོན་དངོས་གསུམ་གཏན་ཁེལ་བྱས་པ་དང་། ད་ལོར་སྡེ་བའི་གཞུང་ལམ་གྱི་ཉེན་ཁ་ཅན་གྱི་ཟམ་པ་བསྐྱར་བསྐྲུན་གྱི་ལས་གཞི་བཅུ་ལེགས་འགྲུབ་བྱེད་ཐུབ་ལ། སྡེ་བའི་གཞུང་ལམ་གྱི་ཚེ་སྲོག་བདེ་འཇགས་སྔོན་འགོག་སྲུང་སྐྱོབ་ཀྱི་བཟོ་སྐྲུན་དེ་སྤྱི་ལེ་བརྒྱ་རུ་སླེབས་ཐུབ། དུས་མཉམ་དུ། གཞུང་ལམ་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་སྒྲིག་གཞིའི་ཆུ་ཚད་དམའ་བ་དང་ཉེན་འགོག་ནུས་པ་ཞན་པ་སོགས་ཀྱི་གཞི་རྩའི་གནད་དོན་ལ་དམིགས་ནས། གཙོ་གནད་ཁེ་ལས་ལ་སྐུལ་སློང་བྱས་ཏེ་རང་འགུལ་ངང་སྡེབ་སྒྲིག་དང་སྒེར་གཉེར་བཟོ་ཚོང་ལ་སྣེ་ཁྲིད་དེ་དྲ་ལམ་སྐྱེལ་འདྲེན་སྟེགས་བུར་ཞུགས་སུ་བཅུག་ནས། གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཁག་སོ་སོས་འཕེལ་རིམ་ལེགས་པོ་མངོན་ཡོད་ལ། རྒྱུན་མཐུད་འཛུགས་སྐྲུན་གྱི་ལས་གཞི་ཉེར་གསུམ་གྱི་བསྐྱར་ལས་བྱ་བ་མགོ་བརྩམས་ཡོད། སྔོན་གྱི་ཟླ་བཞིའི་ནང་ཞིང་ཆེན་ཡོངས་ཀྱིས་གཞུང་ལམ་ཆུ་ལམ་འགྲིམ་འགྲུལ་ཐད་བརྟན་འཇགས་མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་གསུམ་དང་བྱེ་བ་གཅིག་ས་ཡ་དགུར་སླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་སོ་ལྔ་འཕར་སྣོན་བྱས།

                                                                                             རིག་འཛིན་སྒྲོལ་མས་བསྒྱུར།