སྐབས་བཅུ་བཞི་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གསར་དུ་འགན་ཁུར་བའི་ཨུ་ཡོན་གྱི་སློབ་སྦྱོང་བགྲོ་གླེང་འཛིན་གྲྭ་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་པེ་ཅིང་ནས་སྤེལ་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གནངས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁི་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁི་སི་རིང་ལུགས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་དགོངས་པ་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་བྱ་བ་སྣ་ཚོགས་ལ་གཅིག་འདོམས་བྱེད་པའི་རྩ་འཛིན་དུ་བྱས་ཡོད་ཅིང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཟབ་བསྒྱུར་དང་ནང་བསྒྱུར། ཚུལ་བསྒྱུར་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་དང་། ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཀྱི་བྱ་བ་བཟང་བོར་བསྒྲུབས་པ་བཅས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་དགོངས་པའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབས་པ་དང་། ངེས་པར་དུ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་གཅིག་གྱུར་འཐབ་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་པའི་དགོངས་པ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་བ་ཡང་དག་བླངས་ཏེ། གཅིག་གྱུར་འཐབ་ཕྱོགས་འཕེལ་རྒྱས་ཀྱི་ཡང་དག་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་ཁ་ཕྱོགས་དང་ལས་འགན་དམ་འཛིན་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས་སྔར་ལས་མང་བའི་མི་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་དུ་བཅུག་སྟེ། དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བའི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ནུས་པར་ཤུགས་སྣོན་པ། དངོས་བསྒྲུབ་ཁག་ཁུར་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་འབད་འཐབ་ཆེན་མོའི་སྙིང་སྟོབས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་ཕན་ནུས་མཐོར་འདེགས་བྱེད་དགོས་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་འདྲིལ་གྱི་བྱ་བ་བཟང་བོར་བསྒྲུབས་ནས། རང་འགན་བྱ་བའི་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་དང་སྲིད་གྲོས་བྱ་བའི་ཁྲོད་ཀྱི་ནུས་པ་གཙོ་བོ། ལས་རིགས་སོ་སོའི་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། མཉམ་དུ་མི་དམངས་སྲིད་གྲོས་ལམ་ལུགས་རྒྱུན་འཁྱོངས་གང་ལེགས་དང་། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས།
ཐེངས་འདིའི་སློབ་སྦྱོང་བགྲོ་གླེང་འཛིན་གྲྭའི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། གསར་དུ་འགན་ཁུར་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟོང་གཅིག་དང་བརྒྱ་ལྷག་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་སོ་སོའི་སྲིད་གྲོས། ཀྲུང་དབྱང་སྲིད་གཞུང་གི་ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་། ཀྲུང་དབྱང་སྲིད་གཞུང་གི་ཨོ་མིན་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཡན་ལག་ཚོགས་ར་བཅས་ནས། བརྙན་རིས་ཀྱི་ལམ་ནས་དུས་མཉམ་དུ་སློབ་སྦྱོང་བགྲོ་གླེང་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།