ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི་བྱིས་པ་ཨཱ་ལི་ཧྥ•ཆིན་ལ་ཡིག་ལན་བསྐུར།
2023.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 87

ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལའི་བྱིས་པ་ཨཱ་ལི་ཧྥ•ཆིན་ལ་ཡིག་ལན་བསྐུར་ནས་ཁོ་མོས་སློབ་སྦྱོང་ཧུར་ཐག་དང་ཕུགས་འདུན་དོན་གཉེར་བྱས་ཏེ་ཀྲུང་གོ་དང་བྷང་ག་ལའི་བར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཨཱ་ལི་ཧྥ•ཆིན་གྱིས་འཕྲིན་ཡིག་ནང་རང་ཉིད་ཀྱི་མྱོང་ཚོར་དངོས་གླེང་བ་ནི་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་འབྲེལ་བ་གསོན་ཉམས་དོད་པས་མཚོན་ཚུལ་ཞིག་རེད། ཀྲུང་གོ་དང་བྷང་ག་ལའི་མི་དམངས་ནི་གནའ་སྔ་མོ་ནས་བཟུང་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་པ་དང་། ལོ་ངོ་སྟོང་གི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ཡོད། ལོ་ངོ600ལྷག་ཙམ་གྱི་གོང་དུ་ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་མཁས་ཅན་ཀྲིན་ཧོ་ཡི་གྲུ་གཟིངས་ཆེ་གྲས་བྷང་ག་ལར་འཚམས་འདྲི་ཐེངས་གཉིས་ལ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཁྲོད་མཛའ་གྲོགས་ཀྱི་ས་བོན་བཏབ་ཡོད། ལོ་ངོ600ལྷག་ཙམ་སོང་རྗེས་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་བརྩེ་སེམས་བཅངས་ནས་རྒྱང་སྐྱོད་བྱས་པ་དང་། ཀྲུང་གོའི་བུད་མེད་དམག་ཁོངས་ཀྱི་སྨན་པའི་དམག་མིས་ཅི་ཏ་གྲུ་ཁར་ཨཱ་ལི་ཧྥ•ཆིན་གྱི་ཨ་མ་ཉེན་ཁ་ལས་སྐྱོབ་རོགས་བྱས་ནས་བདེ་བླག་ངང་བྱིས་པ་སྐྱེས་པ་དང་། ཨཱ་ལི་ཧྥ•ཆིན་གྱི་ཨ་ཕས་བྷང་ག་ལའི་སྐད་ཀྱིས་ཀྲུང་གོ་ཞེས་པའི་མིང་བཏགས་ནས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཀྱི་མི་སེམས་འགུལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཨཱ་ལི་ཧྥ•ཆིན་འཚར་ལོངས་བྱུང་རྗེས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་ཀྱི་ཕོ་ཉ་བྱས་ནས་མ་འོངས་པར་ཀྲུང་གོར་གསོ་རིག་སློབ་སྦྱོང་བྱེད་པར་འགྲོ་རྒྱུ་དང་། ཨ་མ་ལྟ་བུའི་ཀྲུང་གོ་བཞིན་སྲོག་སྐྱོབ་དང་རྨས་མ་སྐྱོབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་ཤེས་རྗེས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་།  ཨཱ་ལི་ཧྥ•ཆིན་གྱིས་ལང་ཚོར་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་དང་། ཁྱིམ་ཚང་ལ་དྲིན་ལན་འཇལ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུའི་རེ་བ་ཡོད། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར་ཨཱ་ལི་ཧྥ•ཆིན་གྱི་ལུས་པོ་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། སློབ་སྦྱོང་ཡར་རྒྱས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས།

ཨཱ་ལི་ཧྥ•ཆིན་2010ལོར་སྐྱེས་སྐབས། མོའི་ཨ་མར་སྙིང་ནད་ཚབས་ཆེན་ཕོག་ནས་སྐྱེས་དཀའ་བར་གྱུར་ཅིང་སྲོག་ཉེན་ལ་ཐུག  སྐབས་དེར་བྷང་ག་ལ་རྒྱལ་ཁབ་ཀྱི་ཅི་ཏ་གྲུ་ཁར་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་མཚོ་དམག་གི་“ཞི་བདེའི་གྲུ་གཟིངས་”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ལ་རོགས་སྐྱོབ་བྱེད་རོགས་ཞུས་ཤིང་། དམག་མིའི་སྨན་པ་མངགས་ནས་འཕྲལ་མར་ས་གནས་དེ་གའི་སྨན་ཁང་དུ་སླེབས་ཏེ་གནོན་ཤུགས་ཆེན་པོའི་སྒོ་ནས་གཤགས་བཅོས་བྱས་མཐར་མ་བུའི་བདེ་འཇགས་ལ་འགན་སྲུང་བྱས།

བཀའ་དྲིན་མཚོན་བྱེད་དུ་ཨཱ་ལི་ཧྥ•ཆིན་གྱི་ཨ་ཕས་ཁོ་མོར་ཆིན་ཞེས་པའི་མིང་བཏགས་པ་དང་། བྷང་ག་ལའི་སྐད་ཀྱི་དོན་ནི་ཀྲུང་གོ་ཡིན་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།