ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཕྱིར་ལྡོག་བྱས་པའི་གནད་དོན་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། སྐོར་ཞིབ་མཛུབ་སྟོན་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ཡང་བསྐྱར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲའོ་ཡོའེ་ཞ་ཡིས་གཏམ་བཤད།
ཀྲའོ་ཡོའེ་ཞ་ཡིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྟོབས་དང་ལྡན་པའི་འགོ་ཁྲིད་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་མཛུབ་སྟོན་ནན་མོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་བརྗོད་དོན་སློབ་གསོ་བྱ་བ་ཏན་ཏིག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་གཏན་འཇགས་སྐུལ་འདེད་བཏང་སྟེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་བྱ་བའི་ཚན་ཆུང་སོ་སོས་འགན་ནུས་ལ་དམ་པོར་དམིགས་པ་དང་དོན་དངོས་དང་དམ་པོར་སྦྲེལ་བ། རྒྱུན་ཆད་མེད་པར་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་བྱས་ཏེ་ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་བཟང་བོ་སྐོར་ཞིག་གྲུབ་པར་བྱས། ཡིན་ཡང་བྱ་བའི་ཁྲོད་དུ་ད་རུང་ངོས་འཛིན་དང་སློབ་སྦྱོང་། བརྟག་དཔྱད་ཞིབ་འཇུག ལྟ་ཞིབ། ལྟ་སྐུལ་མཛུབ་སྟོན་བཅས་བྱས་པ་གནད་འཁེལ་མིན་པའི་གནད་དོན་གནས་ཡོད།
ཀྲའོ་ཡོའེ་ཞ་ཡིས་ནན་གྱིས་བསྟན་དོན། སྐོར་ཞིབ་མཛུབ་སྟོན་བྱ་བས་རིག་གཞུང་སློབ་སྦྱོང་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཐད་ཤུགས་བཏོན་ནས་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་རྒྱུས་ལོན་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་དང་བྱེད་ཐབས་བཟང་བོ་སྤྱོད་པར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཐད་ཤུགས་བཏོན་ནས་བྱེད་ཐབས་སྣ་མང་སྤྱོད་པ་དང་སྤྱོད་ཚུལ་དངོས་གཉེར་ཡིན་དགོས། འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྤུས་འདེགས་ནུས་སྤེལ་དང་མི་དམངས་ཕྱུག་པོར་བསྒྱུར་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཐད་ཤུགས་བཏོན་ནས་རང་འགུལ་གྱིས་སྤྱི་ཡོངས་ཀྱི་བྱ་བ་གཙོ་བོར་ཞབས་འདེགས་ཞུ་བ་དང་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ། བརྩེ་བ་ནན་མོས་དམངས་ལ་ཞབས་འདེགས་ཞུ་དགོས། གནད་དོན་འཚོལ་བ་དང་དག་ཐེར་ལེགས་བཅོས་བཟང་བོ་བྱེད་པར་ལྟ་ཞིབ་བྱེད་པའི་ཐད་ལྟ་སྐུལ་མཛུབ་སྟོན་བྱས་ཏེ་གནད་དོན་ཡང་དག་པར་འཚོལ་བ་དང་དོན་འཁྱོལ་ནན་མོ་བྱེད་པ། དག་ཐེར་ལེགས་བཅོས་ནུས་ལྡན་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།