ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་དམངས་སྲིད་ཐིན་ནས་འབྱོར་བའི་འཕྲིན་བཟང་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་པེ་ཅིང་དུ་དམངས་སྲིད་པུའུ་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་མཉམ་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་དེ་རོགས་ལས་འཕེལ་རྒྱས་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་པ་དང་། དེས་རང་ཞིང་གི་ལོ་ལོན་རྣམས་ཀྱིས་རྒྱལ་ས་ནས་ཐོན་པའི་ཆེད་ལས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པ་མཚོན།
རྒྱུས་ལོན་བྱུང་བ་ལྟར་ན། གྲོས་མཐུན་གྱིས་གཙོ་བོ་ཕྱོགས་གསུམ་ལ་དམིགས་ཡོད་དེ། གཅིག་ནས་བྱེད་ཐབས་གསར་སྐྲུན་བྱེད་དགོས། གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་གོ་སྐབས་སུ་བྱེད་པ་དང་། རྒྱལ་སའི་ཐོན་ཁུངས་ལ་རྒྱབ་བརྟེན་པ། དམངས་སྲིད་པུའུ་ལྟེ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ། བྱེད་ཐབས་མང་པོའི་མཉམ་ལས་ནང་རྐྱེན་བཙུགས་ཏེ་མཚོ་སྔོན་གྱིས་རྒན་གསོ་ལས་དོན་གྱི་འཕེལ་རྒྱས་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། གཉིས། མི་འདང་ས་ཁ་གསབ་བྱེད་དགོས། མཚོ་སྔོན་གྱིས་མཐོ་སྒང་ས་ཁུལ་གྱི་རྒན་གསོ་ཞབས་ཞུའི་མཚོ་སྔོན་གྱི་ཁྱད་ཆོས་བསྐྲུན་པའི་བླང་བྱ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུའི་ལས་དོན་འཕེལ་རྒྱས་ཀྱི་མི་འདང་ས་ཁ་གསབ་བྱས་ཏེ་མཐོ་སྒང་ས་ཁུལ་ལ་ཡང་བསྒྱུར་བཀོལ་ཆོག་པའི་རྒན་གསོ་ཞབས་ཞུའི་ཉམས་མྱོང་མང་པོ་འཚོལ་ཞིབ་བྱེད་དགོས། གསུམ་ནས་སྟེགས་བུ་གསར་སྐྲུན་བྱེད་དགོས། རྒྱལ་ཁབ་རྒན་གསོ་ཁྱབ་ཁོངས་ཀྱི་ཆེད་མཁས་པའི་མཛོད་གཅིག་བསྡུས་བྱེད་པ་དང་ལས་གཞིའི་མཉམ་ལས་འདེགས་སྐྱོར་འཛུགས་པ། ཕྱོགས་མང་པོའི་རིག་སྟོབས་འདེགས་སྐྱོར་བརྩོན་ལེན་བྱས་ཏེ་རྒན་གསོ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བཅོས་སྒྱུར་གསར་སྐྲུན་བྱེད་ཐབས་མང་པོ་འཚོལ་ཞིབ་བྱེད་དགོས།
ཕྱོགས་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་སྲིད་ཇུས་ཞིབ་འཇུག་ལྟ་ཞིབ་བྱེད་ཡུལ་དུ་བདམས་ནས་ཞིང་སྡེའི་རྒན་གསོ་ཞབས་ཞུའི་སྲིད་ཇུས་ལག་བསྟར་དང་དོན་འཁྱོལ་གནས་ཚུལ་ཐད་ཡུན་རིང་རྗེས་འདེད་བྱེད་པ་དང་། ལོ་རེར་ཆེད་དོན་ལས་སྒོའི་བརྗེ་རེས་སྤེལ་ཏེ་ལམ་ལུགས་ཇུས་འགོད་ཐད་རྨང་གཞིའི་རྟོག་ཞིབ་དབྱེ་ཞིབ་འདོན་སྤྲོད་བྱེད་དགོས། དམངས་སྲིད་པུའུ་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱིས་མཚོ་སྔོན་གྱིས་རང་ས་གནས་ཀྱི་དོན་དངོས་དང་འཚམ་པ་དང་། དོ་དམ་ཞབས་ཞུའི་བླང་བྱ་དང་མཐུན་པ། རྒྱལ་ཁབ་ཀྱི་ཚད་གཞི་དང་གདེང་འཇོག་མ་ལག་དང་འཚམ་པའི་ས་གནས་ཀྱི་ཚད་གཞི་དང་གདེང་འཇོག་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་དང་རོགས་འདེགས་བྱེད་པ་དང་། རྒན་གསོ་སྡེ་ཁག་དང་ལས་རིགས་རྩ་འཛུགས་ཀྱིས་ཚད་གཞི་ཅན་གྱི་དོ་དམ་ལག་བསྟར་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ་རྒན་གསོ་ཞབས་ཞུའི་ཚད་གཞི་ཅན་གྱི་རིན་ཐང་འདོན་སྤེལ་བྱེད་རྒྱུ་རེད།
མཛུབ་སྟོན་ཕྱོགས་ཀྱིས་རྒྱལ་ཡོངས་རྒན་གསོ་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་འདེམ་མངགས་བྱས་ཏེ་མཚོ་སྔོན་དུ་ཡོང་ནས་མཛུབ་སྟོན་གསོ་སྦྱོང་སྤེལ་བ་དང་། ལས་གཉེར་རྐང་འཛིན་པ་ཕྱི་རུ་སློབ་སྦྱོང་ལ་མངགས་གཏོང་བྱས་པ། དྲ་ལམ་ཕུལ་བྱུང་སློབ་ཁྲིད་ཐོན་ཁུངས་དང་ཆེད་ལས་རྒྱུ་ཆའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མཚོ་སྔོན་གྱི་རྒན་གསོའི་ཞབས་ཞུ་དང་དོ་དམ་མི་སྣའི་ཆེད་ལས་རྨང་གཞིའི་ཤེས་བྱ་ཇེ་མཐོར་བཏང་ལ། རྒན་གསོའི་ཞབས་ཞུ་ཚད་ལྡན་ཅན་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། རིག་ནུས་རྒན་གསོའི་ཆ་འཕྲིན་སྟེགས་རུ་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒན་གསོ་ཞབས་ཞུའི་སྲིད་ཇུས་དང་སྒྲིག་སྲོལ་དྲིལ་སྒྲོག་རྒྱ་ཁྱབ་དང་། རྒན་གསོ་ཞབས་ཞུའི་གཞི་གྲངས་ཆེན་མོའི་དབྱེ་ཞིབ་བྱ་བ་སྤེལ་ཏེ། ལོ་ལོན་རྣམས་ལ་རྒྱལ་ཡོངས་རྒན་གསོ་ལས་ཁུངས་ཀྱི་མཚམས་སྦྱོར་དང་འདྲི་རྟོགས་ཞབས་ཞུ་འདོན་སྤྲོད་བྱས།
ཐེངས་འདིའི་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་ནས་དངོས་འབེབས་བྱས་པ་དེས། དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་གཙོར་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དམ་འཛིན་བྱེད་རྒྱུ་ནི། དམངས་སྲིད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གཞི་རྩའི་འགུལ་སྐྱོད་ཡིན། རྗེས་ཕྱོགས། དམངས་སྲིད་སྡེ་ཁག་གིས་མཉམ་ལས་སྟེགས་བུ་བསྐྲུན་པ་རྨང་གཞི་རུ་བྱས་ཏེ། མཉམ་ལས་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། མཉམ་ལས་ཀྱི་ནང་དོན་གཏིང་ཇེ་ཟབ་ཏུ་བཏང་ལ། དངོས་འབེབས་བྱེད་ཐབས་ཇེ་རྒྱས་ཇེ་ལེགས་སུ་བཏང་བ་མ་ཟད། གོ་རིམ་བགོས་སྟེ་འཆར་གཞི་ལྟར་མཉམ་ལས་ལས་དོན་ལ་སྐུལ་འདེད་དང་། གྲོས་གཞིའི་ལས་རིམ་ཁག་དངོས་འབེབས་མཐའ་འཁྱོལ་བྱས་ཏེ་གྲུབ་འབྲས་ལོན་པར་ཁག་ཐེག་བྱས།