མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཀན་སུའུ་རུ་ལྟ་ཞིབ་བྱེད་པར་སོང་།
2023.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་དང་ཚེས་སོ་གཅིག་ཉིན་ལ། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཀན་སུའུ་རུ་སོང་ནས་ལྟ་ཞིབ་བྱས་པར་མ་ཟད། ལན་ཀྲིག་ཏུ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བཞུགས་མོལ་ཚོགས་འདུ་དང་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས། 

ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧུའུ་ཁྲང་ཧྲིན་གྱིས་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཀན་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་རིན་ཀྲིན་ཧི་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་གོ་རིམ་རྗེས་མའི་མཉམ་ལས་གཙོ་གནད་ངོ་སྤྲོད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཚབ་བྱས་ནས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་སྒྲོམ་གཞི་གྲོས་མཐུན་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་ཆེད་དོན་གྲོས་མཐུན་བཀོད། 

ཧུའུ་ཁྲང་ཧྲིན་གྱིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས་འཐུས་ཚབ་ཚོགས་པ་ཀན་སུའུ་རུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཀན་སུའུ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཀན་སུའུ་རུ་ཡོང་ནས་ཉམས་མྱོང་དང་བྱེད་ཐབས་བརྒྱུད་སྒྲོག་བྱས་པ་དང་འཕེལ་རྒྱས་ལ་ཇུས་འགོད་བྱས་པ་དེས། ཞིང་ཆེན་གཉིས་ཀྱི་མཉམ་ལས་ཐད་ནས་རྣམ་པ་གསར་བ་བསྐྲུན་པར་སྐུལ་འདེད་གཏོང་ཐུབ་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། ཆེས་ཆེ་བ་གསུམ་གྱི་གནས་ཐིག་གཏན་ཁེལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱས་ལ། ཏན་ཏན་ཏིག་ཏིག་གི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། ལས་དོན་སྣ་ཚོགས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། སྔོན་ཐོན་གྱི་ཉམས་མྱོང་ལ་ང་ཚོའི་སློབ་སྦྱོང་དང་དཔེ་ལྟ་བྱེད་རིན་ཡོད། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་དང་རི་ཆུ་འདྲེས་ཡོད་ལ། མདོ་ལ་རི་བོས་ཞིང་ཆེན་གཉིས་ཀྱི་མི་དམངས་ལ་སྲུང་སྐྱོབ་བྱེད་པ་དང་རྨ་ཆུས་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་ས་གཞིར་གསོ་བཅུད་འདོན་སྤྲོད་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེནགཉིས་ཀྱི་མི་སྣའི་འགྲོ་འོང་ཟབ་ཅིང་མཉམ་ལས་ཀྱི་རྨང་གཞི་ཧ་ཅང་བཟང་ལ། མཉམ་འགུལ་རང་བཞིན་ཆེ་བ་དང་ཁ་གསབ་རང་བཞིན་ཆེ་བ། མཉམ་ལས་རང་བཞིན་ཆེ་བའི་ཁྱད་ཆོས་མངོན་ཡོད། འགོ་ཚུགས་ས་གསར་བའི་སྟེང་། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་ཐུན་མོང་གི་འགན་འཁྲི་ཕྲག་ཏུ་ཁུར་ཡོད་པ་དང་། རེ་བ་ཡིན་ན་ཐེངས་འདིའི་ལྟ་ཞིབ་གོ་སྐབས་སུ་བརྩིས་ནས། ཕྱོགས་གཉིས་ཀྱིས་ལན་ཟི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ་དང་རྨ་ཆུའི་རྒྱལ་ཁབ་འཐུབ་ཇུས་ལག་བསྟར་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དགེ་མཚན་ཐོན་ལས་སྐྱེད་སྲིང་དང་དར་སྤེལ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཞིང་ཆེན་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་དང་གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་བ་འབྲི་དགོས། 

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀན་སུའུ་ཡིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་དང་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཐེངས་གཉིས་ལ་དངོས་སུ་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་ལ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ལ། སྒུལ་ཤུགས་ཆེན་པོ་བསྣན། ཀན་སུའུ་ཡིས་བློ་སེམས་རྩེ་གཅིག་གིས་འཕེལ་རྒྱས་གཏོང་ཆེད་འབད་འཐབ་བྱས་པ་དང་དངོས་གཉེར་བྱས་ནས་ཀན་སུའུ་དར་སྤེལ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་སྐྱིད་མཛེས་སྡུག་གི་ཀན་སུའུ་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་གོམ་སྟབས་བརྟན་པོ་བསྒྱུར། མཚོ་སྔོན་གྱིས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ནས། ཧུར་ཐག་གིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་བཞིན་སྒང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་པར་རིས་འབྲིས་པ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀ་ནུབ་རྒྱུད་ཀྱི་ཁྱིམ་མཚེས་ཞིང་ཆེན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྟོད་རྒྱུད་ཀྱི་ཞིང་ཆེན་ཡིན་པའི་ཆ་ནས་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པ་དང་། རྒྱལ་ཡོངས་བསམ་བཀོད་གཅིག་ལ་ཞབས་འདེགས་ཞུ་བའི་སྔོན་འགྲོའི་འོག ཡུལ་ཁམས་སྔར་ལས་མཐོན་པོ་དང་མིག་རྒྱ་སྔར་ལས་ཆེན་པོས་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱས་པ་དང་། ཞིང་ཆེན་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བསྐྱོད་ལམ་གསར་བའི་ཁྲོད་ཁ་བྱང་གཅིག་ལ་མཉམ་དུ་ལན་བཏབ་ལ། མཉམ་དུ་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་འགོག་ར་གལ་ཆེན་གསར་སྐྲུན་བྱེད་པ་དང་ཞིང་ཆེན་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། ས་གཉིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་དང་ནུས་ཁུངས་གསར་བའི་ཐོན་ལས། གྲོང་གསེབ་ཅན་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ལ། ཐོན་ཁུངས་མཉམ་སྤྱོད་དང་དགེ་སྤེལ་སྐྱོན་སྤང་། གཉིས་ཕན་མཉམ་རྒྱལ་བརྒྱུད་དེ་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ནས། ཁུལ་ཁོངས་དངོས་གཉེར་མཉམ་ལས་དེ་ཆུ་ཚད་མཐོན་པོ་དང་ཁྱབ་ཁོངས་རྒྱ་ཆེ་བ། རིམ་པ་སྔར་ལས་ཟབ་པར་སྤེལ་བར་སྐུལ་འདེད་བཏང་། 

གྲོས་ཚོགས་སྔོན་དུ། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དང་སྡེ་ཁག་གིས་གྲོང་ཁྱེར་རིམ་པའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གསུམ་དང་ཆེད་དོན་འགུལ་སྐྱོད་འཆར་གཞི་བཅུ་བཀོད།

ཀན་སུའུ་ཞིང་ཆེན་དུ་ལྟ་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཀན་སུའུ་ལུང་ཧྲིན་རོང་ཧྥ་སྨན་ལས་མ་རྐང་ཚད་ཡོད་ཀུང་འི་དང་ཀྲུང་གོ་ཞིང་ལས་ཚན་རིག་གླིང་ལན་ཀྲིག་ཕྱུགས་སྨན་ཞིབ་འཇུག་ཁང་། རྨ་ཆུའི་ཀན་སུའུ་བར་མཚམས་ཀྱི་སྲུང་སྐྱོབ་བཅོས་སྐྱོང་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས། 

ཀན་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཐེན་ཧྲུའུ་དང་ཁྲིན་ཞའོ་པོ། ཡུས་ཁྲིན་ཧུའེ་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན། ལུས་ཀང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།